བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བསྡུས་པ།(ལྷ་སྐྱིད་སྒྲོལ་མས་པར་བླངས)
པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡུའུ་ཧྲིའུ་ཝུན(གཡས)དང་། དགེ་རྒན་
ཆེན་མོ་ཀྲུའུ་ཞོས་ཧྥུན(གཡོན)།(ལྷ་སྐྱིད་སྒྲོལ་མས་པར་བླངས)
ཟླ8པའི་ཚེས16ཉིན། རྒྱལ་ཡོངས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྡུས་ཤིང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་རོགས་མཐུན་གསར་སྐྲུན་ལྟེ་གནས། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་དང་མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་གནང་།
ཆིན་ཧྭ་སློབ་ཆེན་རྩིས་འཁོར་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་སུན་མའོ་སུང་གིས་
བགྲོ་གླེང་སྟེང་ཤིས་ཚིག་ཕུལ།(ལྷ་སྐྱིད་སྒྲོལ་མས་པར་བླངས)
པེ་ཅིང་སློབ་ཆེན་ཆ་འཕྲིན་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཡུའུ་ཧྲིའུ་ཝུན་དང་། དགེ་རྒན་ཆེན་མོ་ཀྲུའུ་ཞོས་ཧྥུན། ཆིན་ཧྭ་སློབ་ཆེན་རྩིས་འཁོར་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་སུན་མའོ་སུང་། རྒྱལ་ཁབ་སྐད་བརྡའི་ཐོན་ཁུངས་ལྟ་ཞིབ་དང་ཞིབ་འཇུག་ལྟེ་གནས་གྲངས་ཉུང་མི་རིགས་སྐད་བརྡའི་ལྟེ་གནས་ཀྱི་འགོ་གཙོ་གཞོན་པའམ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲོའོ་ཤའོ་པིན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས། ནུབ་བྱང་མི་རིགས་སློབ་ཆེན་འཕྲུལ་ཆས་ཡིག་སྒྱུར་ཞིབ་འཇུག་ཁང་གི་འགོ་གཙོ་ལུའུ་ཡཱ་ཅུན། ནུབ་བྱང་མི་རིགས་སློབ་ཆེན་ཀྲུང་གོའི་བོད་ཡིག་གསུང་དཔེ་གྲངས་འཛིན་ཅན་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་རྡོ་ལྷ་སོགས་མིང་དུ་གྲགས་པའི་ཆེད་མཁས་པ་དག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་རྩིས་འཁོར་སློབ་གླིང་གི་གླིང་གཙོ་གཞོན་པ་ཚེ་རིང་རྒྱལ་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་རྩིས་འཁོར་སློབ་གླིང་གི་གླིང་གཙོ་ཀྲོའོ་ཧེ་ཞིན་གྱིས་ཤིས་ཚིག་ཕུལ། དེ་མིན་མཚོ་སྔོན་པོ་དྲ་བ་དང་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་འགན་ཁུར་བ་དང་། བློ་བཟང་ཚན་རྩལ་ཚད་ཡོད་ཀུང་ཟི། པཎྜི་ཏ་ཚན་རྩལ་ཚད་ཡོད་ཀུང་ཟི། སློབ་ཆེན་སོ་སོའི་བོད་ཡིག་ཆ་འཕྲིན་ཅན་ཆེད་ལས་ཀྱི་དགེ་རྒན་དང་ཞིབ་འཇུག་སློབ་མ། འབུམ་རམས་པ། མཚོ་སྔོན་ཞིང་ཆེན་རིམ་པའི་ལས་ཁུངས་སོ་སོའི་བོད་ཡིག་ཆ་འཕྲིན་ཅན་བྱ་བའི་ཆེད་ལས་མི་སྣ་སོགས་གདན་དྲངས་པ་ལྟར་ཡུལ་དངོས་སུ་ཆེད་མཁས་པའི་འཆད་ཁྲིད་དང་གཏམ་བཤད་སོགས་ལ་གསན་པ་མ་ཟད། ཆེད་མཁས་པ་རྣམས་དང་འབྲེལ་འདྲིས་བྱས།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲོའོ་ཤའོ་པིན(གཡོན)དང་ནུབ་བྱང་མི་རིགས་
སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ(གཡས)།(ལྷ་སྐྱིད་སྒྲོལ་མས་པར་བླངས)
དགེ་རྒན་ཆེན་མོ་རྡོ་ལྷ་ཡི་འཆད་ཁྲིད་ནང་དོན།(ལྷ་སྐྱིད་སྒྲོལ་མས་པར་བླངས)
བགྲོ་གླེང་ཚོགས་འདུ་འདི་དུས་ཡུན་ཉིན2ལ་སྤེལ་ཞིང་། ཚེས17ཉིན་ནི་ཆེད་མཁས་པ་ཆེད་ཞུས་སྒོས་འཆད་ཁྲིད་གནང་བ་ཡིན་ཏེ། དགེ་རྒན་ཆེན་མོ་ཡུའུ་ཧྲི་ཝུན་དང་། དགེ་རྒན་ཆེན་མོ་སུན་མའོ་སུང་། དགེ་རྒན་ཆེན་མོ་ཀྲོའོ་ཤའོ་པིན། དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས། དགེ་རྒན་ཆེན་མོ་རྡོ་ལྷ། དགེ་རྒན་ཆེན་མོ་ལུའུ་ཡཱ་ཅུན། དགེ་རྒན་ཆེན་མོ་ཚེ་རིང་རྒྱལ་སོགས་སོ་སོས་རང་སྟེང་གི་ཞིབ་འཇུག་ཁྱབ་ཁོངས་བརྒྱུད་བོད་ཡིག་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་ད་ཡོད་གནས་སྟངས་དང་མ་འོངས་འཕེལ་ཁ། དེ་མིན་དེར་གནས་པའི་གནད་དོན་དང་ཐག་གཅོད་བྱེད་ཐབས་སོགས་དབྱེ་ཞིབ་དང་ཞིབ་བརྗོད་གནང་བ་རེད།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལུའུ་ཡཱ་ཅུན།(ལྷ་སྐྱིད་སྒྲོལ་མས་པར་བླངས)
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཉི་མ་བཀྲ་ཤིས་ཀྱིས་མིག་སྔའི་ཞིབ་འཇུག་
བྱ་བ་གཙོ་བོ་མཚམས་སྦྱོར་གནང་།(ལྷ་སྐྱིད་སྒྲོལ་མས་པར་བླངས)
ཚེས18ཉིན་གྱི་སྔ་དྲོར་ཆེད་དོན་སྙན་ཞུ་སྤེལ་ཞིང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་མཚོ་སྔོན་པོ་དྲ་བའི་འཐུས་ཚབ་དང་། བློ་བཟང་ཚན་རྩལ་ཚད་ཡོད་ཀུང་ཟིའི་འགོ་གཙོ་བློ་བཟང་། མཚོ་སྔོན་པཎྜི་ཏ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིའི་འཐུས་ཚབ་བཅས་སོ་སོས་ཉེ་བའི་ལོ་འགའི་ནང་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་བསྒྲུབས་པའི་བྱ་བ་མཚམས་སྦྱོར་གནང་ཞིང་། སྒོས་སུ་ཉེ་དུས་སྔོག་འདོན་བྱེད་བཞིན་པའི་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞི་དང་དེའི་དོན་སྙིང་དང་འཕེལ་ཚད། ཁེ་ལས་གཉིས་ཀྱི་འཁོར་བསྐྱོད་གནས་བབ་དང་ཐོན་རྫས། ཕན་འབྲས། མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་སོགས་རེ་རེ་མཚམས་སྦྱོར་གནང་སྟེ་ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱི་གཟིགས་རྟོགས་དང་ཁས་ལེན་ཐོབ་པ་རེད།
བོད་ཡིག་དྲ་བའི་སྐད་རིགས་གནས་ཚུལ་དབྱེ་ཞིབ་ཀྱི་པར་རིས།(ལྷ་སྐྱིད་སྒྲོལ་མས་པར་བླངས)
མཇུག་མཐར། ཆེད་མཁས་པ་སོ་སོ་དང་ཚོགས་ཞུགས་འཐུས་ཚབ་པ་རྣམས་ཀྱིས་རང་འགུལ་སྒོས་མ་འོངས་བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དང་ཁྱབ་ཁོངས། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་མྱུར་མཁོ་ཐག་གཅོད་ཀྱི་ལག་རྩལ་དཀའ་གནད་དང་ཚན་རིག་གནད་དོན། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་གྲུབ་འབྲས་ཀྱི་འཕོ་འགྱུར་དང་ཁེ་ལས་མཉམ་འབྲེལ་སོགས་གནད་དོན་ཕྱོགས་གསུམ་གྱི་ཐད་ནས་བགྲོ་གླེང་གནང་སྟེ། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་གོ་རིམ་ལྡན་ཞིང་ཚད་ལྡན་དང་མྱུར་འཕེལ་ཐད་བསམ་ཚུལ་དང་འདོད་བློ་བརྗོད་པ་མ་ཟད། བོད་ཡིག་ཆ་འཕྲིན་སྒྲིག་གཅོད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་ཀན་སུའུ་ལན་གྲུ་རུ་བསྡུ་རྒྱུ་དང་ནུབ་བྱང་མི་རིགས་སློབ་ཆེན་འཕྲུལ་ཆས་ཡིག་སྒྱུར་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་བྱེད་པར་ཐོག་མའི་གྲོས་ཐག་བཅད་ལ། ཚེས18ཉིན་གྱི་ཕྱི་དྲོར་གཙོ་སྒྲུབ་ཕྱོགས་ཀྱིས་ཚོགས་ཞུགས་མི་སྣ་ཡོངས་གདན་ཞུ་སྒོས་རྒྱལ་ཁབAAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཀྲུང་གོའི(མཚོ་སྔོན)བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་ཁང་དང་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་སྐུ་འབུམ་དགོན་ལ་གཟིགས་ཞིབ་བྱས།
ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།
CopyRight © 2011-2025 BODYIG.NET 【མཉེན་ཆས་གླིང་།】
ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག