ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱབ་ཁབ་ཚད་གཞིའི《བརྡ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད》ཞེས་པའི་དཔེ་ཆ་ཀྲུང་གོ་ཚད་ལྡན་པར་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། འདི་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཡི་གེའི་བརྡ་འཕྲིན་ལག་རྩལ་མིང་བརྡའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་ཡིན་པ་དང་། དེས་ལོ་ངོ10རིང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་སྙན་ཞུ་ལས་གཞི་བཙུགས་པ་མ་ཟད་ཚད་ལྡན་རྩོམ་སྒྲིག་བྱས་པའི་བོད་ཡིག་གི་བརྡ་འཕྲིན་ལག་རྩལ་མིང་བརྡའི་རྒྱལ་ཁབ་ཚད་གཞི་དངོས་སུ་ལེགས་འགྲུབ་བྱས་པ་མཚོན་ཡོད།
བོད་ཡིག་བརྡ་འཕྲིན་ལག་རྩལ་མིང་བརྡ་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བའི་གནད་དོན་ནི་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་རྨང་གཞི་རང་བཞིན་གྱི་གནད་དོན་ཞིག་ཡིན། བོད་ཡིག་བརྡ་འཕྲིན་ལག་རྩལ་གྱི་མིང་བརྡ་གཅིག་གྱུར་བྱེད་པ་དེས་བོད་རིགས་ས་ཁུལ་གྱི་སློབ་གསོ་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་བྱེད་ཐུབ་ལ། 2005ལོར་བོད་རིག་པ་ཞིག་འཇུག་ལྟེ་གནས་ཀྱིས་དཔེ་མཛོད་རྒྱུ་ཆ་ཁང་གི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་གིས་གཙོ་ཁྲིད་བྱས་པའི་བོད་ཡིག་བརྡ་འཕྲིན་ལག་རྩལ་གྱི་རྒྱལ་ཁབ་ཚད་གཞིའི་ཞིབ་འཇུག་ཞེས་པའི་གཙོ་གནད་ཞིབ་འཇུག་ལས་གཞི་ཚན་ཆུང་བཙུགས་ཏེ། 《བརྡ་འཕྲིན་ལག་རྩལ་གྱི་བོད་ཡིག་མིང་བརྡའི》རྒྱལ་ཁབ་ཚད་གཞིའི་ཞིབ་འཇུག་བྱ་བ་སྤེལ།
2010ལོར་རྒྱལ་ཁབ་ཚད་ལྡན་དོ་དམ་ཨུ་ཡོན་ལྷན་ཁང་གིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ཡིག་བརྡ་འཕྲིན་མིང་བརྡའི་རྒྱལ་ཁབ་ཚད་གཞི་རྩོམ་སྒྲིག་ཚན་ཆུང་གི་འགན་འཁུར་བར་ཆོག་མཆན་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བརྡ་འཕྲིན་ལག་རྩལ་ཚད་ལྡན་ལག་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས《བརྡ་འཕྲིན་ལག་རྩལ་གྱི་བོད་ཡིག་ཐ་སྙད》ཀྱི་རྒྱལ་ཁབ་ཚད་གཞི་རྩོམ་སྒྲིག་དང་སྙན་ཞུ་བྱ་བའི་འགན་ཁུར་བ་མ་ཟད་ལེགས་འགྲུབ་བྱས།
2015ལོའི་ཟླ12པའི་ཚེས31ཉིན། རྒྱལ་ཁབ་ཚད་ལྡན་དོ་དམ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཚད་གཞིའི《བརྡ་འཕྲིན་ལག་རྩལ་བོད་ཡིག་ཐ་སྙད》ལ་མཉམ་དུ་ཆོག་མཆན་དང་འགྲེམ་སྤེལ་བྱས་པ་མ་ཟད། 2017ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་རྒྱུའི་འཆར་གཞི་བཟོས།
《བརྡ་འཕྲིན་ལག་རྩལ་བོད་ཡིག་ཐ་སྙད》ཚད་གཞི་ལ་རྒྱལ་ཁབGB/T 5271《བརྡ་འཕྲིན་ལག་རྩལ་ཐ་སྙད》ཀྱི་ཡན་ལག་ཚན་པ30ལྟར་ཁ་གཏད་ཀྱི་བོད་ཡིག་མིང་བརྡའི་ཐ་སྙད་བཀོལ་ཡོད་པ་དང་། བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་རྣམ་པས་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་སོ་སོ་དང་འབྲེལ་བའི་བོད་ཡིག་གི་མིང་བརྡ་དང་དེའི་མཚན་ཉིད་གཏན་འཁེལ་བྱས་ཤིང་། བསྡོམས་པས་མིང་བརྡ6000ལྷག་བསྡུ་སྒྲིག་བྱས་ཡོད་པས། རང་རྒྱལ་ཆ་འཕྲིན་ལག་རྩལ་ཐ་སྙད་ཀྱི་ཕྱོགས་ཡོངས་ལ་འབྲེལ་བའི་བོད་ཡིག་གི་ཚད་གཞི་ཐོག་མ་ཡིན།
ཚད་གཞི་འདི་ནི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ལེགས་འགྲུབ་བྱས་པའི་ཚན་རྩལ་ཞིབ་འཇུག་བྱ་བ་གལ་ཆེན་ཞིག་ཡིན་ལ། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་བོད་འབྲེལ་རིག་མཛོད་བྱེད་ནུས་འདོན་སྤེལ་བྱས་པའི་མཚོན་རྟགས་གཙོ་བོ་ཞིག་ཀྱང་ཡིན་པས། བོད་ཡིག་བརྡ་འཕྲིན་ལག་རྩལ་འཕེལ་རྒྱས་དང་བོད་རིགས་ས་ཁུལ་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཀྱི་བྱེད་ནུས་འདོན་ཐུབ། །
ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།
CopyRight © 2011-2025 BODYIG.NET 【མཉེན་ཆས་གླིང་།】
ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག