བབས་གནས།  དབུ་ངོས།སྐབས་དོན། ཤེས་བྱ། → ༄༅།། ལེགས་སྦྱར་སྒྲ་རིག་པའི་དྲིས་ལན་ལྔ་བཅུ་བ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ།

༄༅།། ལེགས་སྦྱར་སྒྲ་རིག་པའི་དྲིས་ལན་ལྔ་བཅུ་བ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ།

ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། སྒྲོལ་དཀར་ཚེ་རིང་། རིན་ཆེན། སྤེལ་དུས། 09-04ཀློག་གྲངས།

         སྔོན་བྱོན་སྒྲ་བ་རྣམས་ལ་གུས་པས་འདུད། །
                              བདག་བློ་སྒྲ་ལ་གོམས་པར་བྱིན་གྱིས་རློབས། །
                              སྒྲ་རིག་རྒྱ་མཚོའི་འཇིངས་ལས་ཉེར་མཁོའི་བཅུད། །
                              དྲི་བ་དྲིས་ལན་ཚུལ་དུ་མདོ་ཙམ་དགོད། །

ལེགས་སྦྱར་གྱི་དབྱངས་དང་གསལ་བྱེད་ཡི་གེའི་ངོས་འཛིན་བཤད་པ།

༡ ལེགས་སྦྱར་ལ་དབྱངས་ཀྱི་ཡི་གེ་དུ་ཡོད།  ཁྱོད་ཀྱིས་དེ་དག་རེ་རེ་བཞིན་ངོས་འཛིན་བྱེད་ནུས་སམ།
     ལན།  ལེགས་སྦྱར་ལ་དབྱངས་ཡིག་བཅུ་དྲུག་ཡོད་ཅིང་།  དེ་དག་ནི།  ཨ ཨཱ  ཨི ཨཱི  ཨུ ཨཱུ རྀ རཱྀ ལྀ ལཱྀ  ཨེ ཨེེ  ཨོ ཨོོ  ཨཾ  ཨཿབཅས་སོ། །  གཞན་ཡང་ཨཾ  ཨཿགཉིས་ཕྲི་རྗེས་སུ་དབྱངས་ཡིག་ བཅུ་བཞིདབྱངས་ཅན་སྒྲ་མདོའི་ལུགསརུའང་བཤད།  ལཱྀ་རིང་བོར་མི་བཞེད། ༼ཨཾ༽
༢  ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་ཐུང་ངུའི་དབྱངས་ཡིག་ནི་གང་དག་ཡིན།
     ལན།  ཨ  ཨི  ཨུ  རྀ  ལྀ་བཅས་ལྔ་ནི་ཐུང་ངུའི་དབྱངས་ཡིག་གོ།
༣  ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ལས་རིང་པོའི་དབྱངས་ཡིག་ནི་གང་དག་ཡིན།
     ལན།  ཨཱ  ཨཱི  ཨཱུ  རཱྀ  བཅས་བཞི་ནི་རིང་པོའི་དབྱངས་ཡིག་གོ།
༤  མཚམས་སྦྱོར་གྱི་ཡི་གེ་དུ་ཡོད།  ཁྱོད་ཀྱིས་དེ་དག་གི་མཚམས་སྦྱོར་ཚུལ་ཤེས་སམ།
     ལན།  ཨེ་ཨེེ་ཨོ་ཨོོ་བཞི་ནི་མཚམས་སྦྱོར་གྱི་ཡི་གེའོ། །  དེ་དག་གི་མཚམས་སྦྱོར་ཚུལ་ནི། ཨ་དང་ཨི་མཚམས་སྦྱར་བ་ལས་ཨེ་ཡིག་འབྱུང་བ་དང་།  ཨ་དང་ཨེ་མཚམས་སྦྱར་བ་ལས་ཨེེ་ཡིག་འབྱུང་། ཨ་དང་ཨུ་མཚམས་སྦྱར་བ་ལས་ཨོ་ཡིག་འབྱུང་། ཨ་དང་ཨོ་མཚམས་སྦྱར་བ་ལས་ཨོོ་ཡིག་འབྱུང་བ་སོགས་སོ། ། ཡང་ན། ཨ་ཨི་ལ་ཨེའོ། །  ཨ་ཨུ་ལ་ཨོའོ། །  ཨེ་དང་ཨེེ་ལ་ ཨེེའོ། །  ཨོ་དང་ཨོོ་ལ་ཨོོའོ། །  ཞེས་སོ། །
༥  རྗེས་སུ་ང་རོ་ཞེས་པའི་ཡི་གེ་ནི་གང་ཡིན།
     ལན།  ཡི་གེ་མགོ་ཐོག་གི་ཀླད་ཀོར་དེ་ལ་རྗེས་སུ་ང་རོ་ཞེས་བྱ་སྟེ།  དཔེར་ན་ཨཾ་གྱི་ཐོག་གི་ ཀླད་ཀོར་དེ་ནི་རྗེས་སུ་ང་རོའོ། །
༦  རྣམ་བཅད་ཅེས་པ་ནི་གང་ཡིན།
     ལན།  རྣམ་བཅད་ཅེས་པ་ནིཿའདི་ལ་ཟེར་ཏེ། དཔེར་ན་ཨཿཞེས་པའིཿནི་རྣམ་བཅད་ཅེས་པའོ། །
༧  ལེགས་སྦྱར་ལ་གསལ་བྱེད་ཀྱི་ཡི་གེ་དུ་ཡོད། ཁྱོད་ཀྱིས་དེ་དག་རེ་རེ་བཞིན་ངོས་འཛིན་བྱེད་ནུས་སམ།
     ལན།  ལེགས་སྦྱར་ལ་གསལ་བྱེད་ཀྱི་ཡི་གེ་སོ་བཞི་ཡོད་ཅིང་།  དེ་དག་ནི།  ཀ་ཁ་ག་གྷ་ང་།  ཙ་ཚ་ཛ་ཛྷ་ཉ།  ཊ་ཋ་ཌ་ཌྷ་ཎ།  ཏ་ཐ་ད་དྷ་ན།  པ་ཕ་བ་བྷ་མ།  ཡ་ར་ལ་ཝ།  ཤ་ཥ་ས་ཧ།  ཀྵ་ བཅས་སོ། །  ཡང་ན།  ཧ་ཡ་ཝ་ར་ལ།  ཉ་ཎ་ན་ང་མ།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག་བ།  ཁ་ཕ་ཚ་ཋ་ཐ།  ཙ་ཊ་ཏ་ཀ་པ། ཤ་ཥ་ས་བཅས་ལ་གསལ་བྱེད་ཀྱི་ཡི་གེ་སོ་གསུམ་དང་།  མཐར་ཟད་ཀྱི་ ཡི་གེ་ཀྵ་ཡིག་བསྣན་པས་གསལ་བྱེད་ཀྱི་ཡི་གེ་སོ་བཞིའོ། །
༨  ཀུ་ཙུ་ཊུ་ཏུ་པུ་ལྔས་རང་གི་སྡེ་ཚན་གྱི་ཡི་གེ་གང་དག་མཚོན་ནམ།  དེ་ལ་དབྱངས་ཨུ་ཡིག་ སྲོག་ཏུ་སྲོག་ཏུ་ཞུགས་དགོས་དོན་ག་རེ་ཡིན་ནམ།
     ལན།  ཀུས་ཀ་ཁ་ག་གྷ་ང་དང་། ཙུས་ཙ་ཚ་ཛ་ཛྷ་ཉ་དང་། ཊུས་ཊ་ཋ་ཌ་ཌྷ་ཎ་དང་།  ཏུས་ཏ་ཐ་ད་དྷ་ན་དང་། པུས་པ་ཕ་བ་བྷ་མ་བཅས་མཚོན་ནོ། ། དེ་ལ་དབྱངས་ཨུ་ཡིག་ སྲོག་ཏུ་ཞུགས་དགོས་དོན་ནི་རང་རང་གི་སྡེ་བའི་ཡི་གེ་ལྔ་བོ་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་རོ། །
༩  ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་ལས་མཐར་གནས་ཀྱི་ཡི་གེ་བཞི་ནི་གང་དག་ཡིན།  དེ་དག་ནི་གང་གི་མཐར་གནས་སུ་བཞག་པ་ཡིན་ནམ།
     ལན།  ཡ་ར་ལ་ཝ་བཞི་ནི་མཐར་གནས་ཀྱི་ཡི་གེ་ཡིན་ལ། ཡ་ནི་ཀ་ཙའི་མཐའ་དང་།  ར་ནི་ཊའི་མཐའ་དང་། ལ་ནི་ཏའི་མཐའ་དང་། ཝ་ནི་པའི་མཐའ་བཅས་སོ། །
༡༠  ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་ལས་དྲོ་བའི་ཡི་གེ་བཞི་ནི་གང་དག་ཡིན།  དེ་ལ་དྲོ་བའི་ཡི་གེ་ཟེར་དོན་ག་རེ་ཡིན་ནམ།
     ལན།  ཤ་ཥ་ས་ཧ་བཞི་ནི་དྲོ་བའི་ཡི་གེ་ཡིན་ཏེ།  དབུགས་དྲོ་བར་བྱ་བའི་ཕྱིར་རོ། །
༡༡  ལེགས་སྦྱར་གྱི་གསལ་བྱེད་སོ་བཞི་ལས་མཐར་ཟད་ཀྱི་ཡི་གེ་གཅིག་ནི་གང་ཡིན།  དེ་ལ་མཐར་ཟད་ཀྱི་ཡི་གེ་ཟེར་དགོས་དོན་ག་རེ་ཡིན་ནམ།
     ལན།  ཀྵ་ལ་མཐའ་ཟད་ཀྱི་ཡི་གེ་ཞེས་བྱ་སྟེ།  ཡི་གེ་ཐམས་ཅད་ཀྱི་ཟད་མཐར་གནས་པའི་ཕྱིར་རོ། །
༡༢  ལེགས་སྦྱར་ཡི་གེ་དང་ལེགས་སྦྱར་སྒྲ་རིག་པའི་སྐོར་མདོ་ཙམ་གསུང་རོགས་གནང་།
     ལན། སཾསྐྲྀ་ཏའི་སྐད་དེ་ལེགས་སྦྱར་སྐད་ནི་རྒྱ་གར་དང་ཡོ་རོབ་སྐད་ཁྱིམ་ནང་གི་སྐད་རིགས ་སྔ་ཤོས་ཤིག་ཡིན་ཞིང་།  དེ་ནི་ཧ་ལམ་སྤྱི་ལོ་སྔོན་གྱི1500ལོ་ནས་སྤྱི་ལོ་སྔོན་གྱི1200ལོར་གྲུབ། ལེགས་སྦྱར་ཡི་གེ་ནི་རྒྱ་གར་གནའ་བོའི་དུས་སུ་བྱུང་ཞིང་། སྤྱི་ལོ་དུས་རབས7པའི་ནང་ཙམ་ལ་དར་བའི་ནཱ་ག་རའི་ཡི་གེ། དུས་རབས11པའི་ནང་དེ་རྨང་གཞི་ལས་འཕེལ་བའི ་ད་ལྟའི་འཕགས་ཡིགདེ་ཝ་ན་ག་རའི་ཡི་གེའམ། ཧིན་རྡུ་ཡི་གེར་གྲགས་པ་དེ་ཉིད་གཞུང་ སྤྱོད་ཀྱི་ཡི་གེར་གཏན་འབེབས་གནང་། ལེགས་པར་སྦྱར་བའི་སྒྲ་རིག་པ་ནི་འཛམ་གླིང་ཐོག་གི་བརྡ་སྤྲོད་རིག་པ་ཡོངས་ཀྱི་ཆེས་སྔ་ཤོས་ཤིག་ཡིན་པར་ངོས་འཛིན་གྱིན་ཡོད།

སྒྲ་རིག་པ་སྤྱིར་བཤད་པ།

༡༣  ཅི་ཞིག་ལ་སྒྲ་རིག་པ་ཟེར།
     ལན།  ས་པཎ་གྱི་སྒྲ་འཇུག་ལས། ལུང་སྟོན་པའམ་ཀུན་གསལ་བར་བྱེད་པའམ་ཀུན་གོ་བར་བྱེད་ཞེས་བྱ་བ་ལ་འཇུག་གོ།ཞེས་སོ། །
     འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས། ལེགས་སྦྱར་དང་སྐད་གཞན་དག་གང་དང་གང་ཡིན་ཀྱང་རུང་། ཡུལ་སོ་སོའི་ལུགས་ཀྱི་མིང་དང་དེ་ལ་རྐྱེན་ནམ་ཕྲད་སོགས་ཚུལ་བཞིན་དུ་སྦྱར་བས་བརྗོད་བྱའི་དོན་ལེགས་པར་བརྡ་འཕྲོད་པར་བྱེད་པའི་རྣམ་གཞག་སྟོན་པའི་བསྟན་བཅོས་དེ་དག་རང་རང་གི་ལུགས་ཀྱི་ལུང་སྟོན་པའམ་སྒྲ་རིག་པར་འགྱུར་ཞིང་ཞེས་དང་།  སྒྲ་རིག་པ་ཞེས་པ་སཾ་སྐྲྀ་ཏའི་སྐད་ཀྱིས་རྣམ་གཞག་སྟོན་པའི་གཞུང་ཁོ་ནར་འཛིན་མི་དགོས་ཏེ།  བོད་དུའང་སློབ་དཔོན་ཨ་ནུས་ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་གསུངས་པ་འདི་ཡང་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་ཡིན་པ་བཞིན་ནོ། །ཞེས་སོ། །
     རིག་པའི་ཁུ་བྱུག་གི་ཞལ་ནས།  ལུང་དུ་སྟོན་པར་བྱེད་པའི་བརྡ་སྤྲོད་པའི། །  ཐུན་མོང་ཁྱད་ཆོས་མིང་ཚིག་ཡི་གེ་གསུམ། །  ཐུན་མིན་རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །  བརྗོད་ བྱར་གྱུར་གང་སྒྲ་ཡི་རིག་པའོ། །ཞེས་སོ། །  དེ་ལ་སྒྲ་རིག་པ་ཞེས་བྱ་བའི་སྒྲ་ནི་ཟིན་པའི་སེམས་ཅན་དུ་སྟོན་ཅིང་ཚིག་ཏུ་ལྷུང་བའི་སྒོ་ནས་ལུང་དུ་སྟོན་པ་ལའོ། །
     སློབ་དཔོན་ཆེན་པོ་ལེགས་པར་སྨྲ་བའི་གྲགས་པའི་མཛད་པའིསྒྲའི་བསྟན་བཅོས་སྨྲ་བ་ཀུན་ལ་འཇུག་པལས།  ཟིན་པ་དང་ནི་མ་ཟིན་དང་། །  གཉི་ག་དག་ལས་བྱུང་བའི་སྒྲ། ། སེམས་ཅན་སྟོན་དང་མི་སྟོན་དག །  ལུང་དུ་སྟོན་དང་མི་སྟོན་པའོ། །
     རིག་གནས་བཅུའི་དྲིས་ལན་བློ་གསལ་ཉེར་མཁོ་ལས།  ཡི་གེ་དབྲི་བསྣན་བསྒྱུར་བ་ལ་སོགས་པས་ཚིག་དོན་རྣམ་པར་ཕྱེ་ནས་སྟོན་པའི་རྗོད་བྱེད་དེ།  སྒྲ་རིག་པའི་མཚན་ཉིད།  སྐྱེས་བུ་རྣམས་ཀྱིས་མཉན་པར་བྱ་བའི་རང་བཞིན་གྱི་རིག་པ་ཡིན་པས་ན་སྒྲ་རིག་པ་ཞེས་བྱའོ། །
༡༤  སྒྲ་རིག་པའི་བརྗོད་བྱ་ནི་ག་རེ་ཡིན་ནམ།
     ལན།  དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས། རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། ། བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། ། ཞེས་སོ། ། ༡ རང་བཞིན་དང་། ༢ རྐྱེན། ༣ རྣམ་འགྱུར་གསུམ་གྱིས་བརྡ་སྤྲོད་པའི་གཞུང་གི་བརྗོད་བྱ་མ་ལུས་པར་བསྡུས་ཡོད་དོ། །
     རྐྱེན་སོགས་ཀྱིས་བསྒྲུབ་པར་བྱ་བའི་གཞི་ནི་རང་བཞིན་ནོ། །
     རང་བཞིན་མིང་དང་བྱིངས་དེ་ལའང་། ། ཞེས་པ་ལྟར། རང་བཞིན་ལ་དབྱེ་ན། བྱིངས་དང་། མིང་གཉིས་སོ། ། བྱིངས་ལ་དབྱེ་ན། མདོའི་བྱིངས་དང་། རྐྱེན་གྱིས་བཅོས་པའི་བྱིངས། གླེགས་བམ་ལས་འབྱུང་བའི་བྱིངས་གསུམ་མོ། །
     རྣམ་དབྱེ་མེད་པ་ནི་མིང་ངོ་། ། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་ནི་རྟགས་སོ། ། རྟགས་ལ་དབྱེ་ན།  སྐྱེས་པའི་རྟགས་དང་།  བུད་མེད་ཀྱི་རྟགས། མ་ནིང་གི་རྟགས་གསུམ་མོ། །
     རྐྱེན་གྱི་རང་བཞིན་དེ་ཉིད་རྣམ་འགྱུར་གཞན་དུ་སྒྲུབ་པར་བྱེད་པ་སྒྲའི་ཡན་ལག་ཅིག་གོ། །
     རྐྱེན་ལ་དབྱེ་ན། བྱིངས་ལས་མིང་དུ་སྒྲུབ་པར་བྱེད་པ་བྱེད་ལྡན་གྱི་རྐྱེན་དང་།  མིང་ལས་མིང་གཞན་སྒྲུབ་པར་བྱེད་པ་ལ་དེ་ཕན་གྱི་རྐྱེན་གཉིས་སོ། ། དེ་ལའང་སྤྱི་དང་། གྲགས་མེད།  དངོས་པོའི་རྐྱེན་གསུམ་དུ་འགྱུར་རོ། །
     དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས། རང་བཞིན་རྐྱེན་དང་འབྲེལ་བ་དང་། ། ཡི་གེ་ཙམ་དང་འབྲེལ་བ་ཡི། ། བསྒྱུར་དང་དབྱི་བ་རྣམ་འགྱུར་ཏེ། །
༡༥ སྒྲ་རིག་པ་ལ་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་གང་དག་ཡོད།
     ལན།  རིག་པའི་ཁུ་བྱུག་གི་ཞལ་ནས།  མིང་ཚིག་ཡི་གེ་གསུམ་གྱི་རྣམ་གཞག་རྣམས། །  སྒྲ་རིག་ སྤྱི་ཡི་ཐུན་མོང་ཁྱད་ཆོས་དང་། །  རང་བཞིན་རྐྱེན་དང་རྣམ་འགྱུར་ནི། །  ལེགས་སྦྱར་སྒྲ་ཡི་ ཐུན་མིན་ཁྱད་པར་ཆོས། །ཞེས་སོ། ། ལེགས་སྦྱར་སྒྲ་རིག་པ་སྒྲུབ་པ་གཙོ།
༡༦ སྒྲ་རིག་པ་སློབ་པའི་དགོས་པ་ག་རེ་ཡིན་ནམ།
     ལན།  དཔལ་མགོན་འཕགས་པ་ཀླུ་སྒྲུབ་གྱིས། ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་རྟོགས་མི་འགྱུར། ། དམ་པའི་དོན་ནི་མ་རྟོགས་ན། ། མྱ་ངན་འདས་པ་ཐོབ་མི་འགྱུར། །
     སློབ་དཔོན་ཐོན་མིས།  བསླབ་པ་ཀུན་གྱི་གཞིར་འཛིན་ཅིང་། །  རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེའི་སྦྱོར་བ་བཤད་པར་བྱ། ། ཞེས་སོ། །
     འདར་ལོ་ངག་དབང་ཕུན་ཚོགས་ཀྱིའགྲེལ་བ་གསལ་ལྡནལས། ཚུལ་འདི་རྟོགས་ན་ཤེས་བྱའི་གནས་ཀུན་ལ། ། ཐོགས་པ་མེད་པར་བདེ་བླག་བགྲོད་པའི་ལམ། །  བཅུ་ཕྲག་རིག་གནས་ཀུན་གྱི་དང་པོ་མཆོག །  རྣམ་དག་བརྡ་སྤྲོད་གཞུང་ལ་འཇུག་པར་རིགས། །  ཞེས་སོ། །
     ས་བཟང་མ་ཏི་པཎ་ཆེན་གྱི་ཞལ་ནས།  ཐོག་མར་སྒྲ་ལ་མཁས་པ་ཡིས། །  ཚིག་དོན་རྣམ་པར་ ཕྱེ་སྟེ་བསྟན། །  དེ་ནས་དོན་ལ་མཁས་པ་ཡིས། །  ལྷག་ཆད་འཁྲུལ་བ་མེད་པར་བཤད། །  ཞེས་དང་།  ཀུན་མཁྱེན་ཐོབ་པར་འདོད་རྣམས་ཀྱིས། །  རིག་པའི་གནས་ལྔ་ཤེས་བྱ་སྟེ། །  ཁྱད་པར ་སྒྲ་ཡི་རིག་པ་ལ། །  ཐོག་མ་ཉིད་དུ་འཇུག་པར་རིགས། ། ཞེས་སོ། །
     ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་ཞལ་ནས།  གང་ཞིག་ཤེས་ན་མཁས་པའི་གནས་ཐོབ་ ཅིང་། །  མཐར་ཐུག་ཀུན་མཁྱེན་གོ་འཕང་བདེ་བླག་བགྲོད། །  གཞུང་ལུགས་ཀུན་ལ་ཐོགས་མེད་འཇུག་པའི་སྒོ། །  བརྡ་སྤྲོད་རིག་གནས་བསྟན་བཅོས་རྣམ་དབྱེ་བགྱི། ། ཞེས་སོ། །
     སྒྲ་བ་སྐལ་བཟང་ངག་དབང་དམ་ཆོས་ཀྱི་ཞལ་ནས།  ཟབ་དོན་བསྟན་པའི་སྙིང་པོ་རྟོགས་པ་ལ། །  མང་ཐོས་སྡེ་སྣོད་གསུམ་གྱི་ཚིག་དོན་ཀུན། །  བདེ་ལེགས་རྟོགས་ལ་བརྡ་སྤྲོད་གཙུག་ལག་གཞུང་། །  ངེས་པར་བྱ་བ་མཁས་པས་མགྲིན་གཅིག་བསྔགས། །  ཞེས་སོ། །
     དབྱངས་ཅན་གྲུབ་པའི་རྡོ་རྗེའི་ཞལ་ནས།  སྒྲ་ཤེས་དོན་ལ་མི་རྨོངས་ཞེས། །  མཁས་པའི་གསུངས་ལ་ཡོངས་སུ་གྲགས། །  ཞེས་སོ། །
     མདོ་ལས།  བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲ་ལ་སློབ་པར་བྱེད་ཅེ་ན།  སྒྲའི་ཚིག་ཡོངས་སུ་དག་པར་བྱ་བ་དང་།  ཡོངས་སུ་མ་དག་པའི་ཚིག་གི་དོན་གསལ་བར་སྟོན་པ་དང་།  དོན་ ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དང་།  ཡང་དག་པའི་ཚིག་མི་ཉམས་པས་ང་རྒྱལ་གྱིས་མི་ཤིགས་པ་དང་།  ངན་པར་ལྟ་བ་ལས་ལྡོག་ཅིང་སེམས་ཅན་འདུལ་བའི་ཐབས་དང་མཁས་པས་ཤེས་པར་བྱ་བའི་ཕྱིར།  བྱང་ཆུབ་སེམས་དཔའ་སྒྲ་རིག་པའི་བསྟན་བཅོས་ལ་སློབ་པར་བྱེད་དོ། ། ཞེས་སོ། །
     དེའི་ཕྱིར་ཐ་སྙད་སྒྲ་ལ་མཁས་པ་ཡིས། །  དོན་དམ་གནས་ལུགས་ལེགས་རྟོགས་ནས། ། མི་ཤེས་མུན་པ་རབ་སྤངས་ཏེ། །  ཡེ་ཤེས་སྣང་བ་ཐོབ་གྱུར་ཅིག །
     ཆོས་རྗེ་ས་པཎ་གྱི་ཞལ་ནས།  རང་བློ་ཤེས་བྱའི་གནས་ལ་མ་སྦྱངས་ན། །  ཐམས་ཅད་ མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །  དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །  ཤེས་བྱའི་གནས་ཀུན་སྦྱང་ཞེས་ལེགས་པར་གསུངས། །  ཞེས་དང་།  མཁས་གང་ཤེས་བྱའི་དེ་ཁོ་ན།  ཇི་བཞིན་རྟོགས་པ་ཡིན་པར་འདོད། །  བྱེ་བྲག་སྦྱངས་པའི་དོན་ཤེས་པ། །  དེ་ཡང་དེ་ ལ་མཁས་ཞེས་བྱ། །
     རིག་པའི་ཁུ་བྱུག་གི་ཞལ་ནས།  ཤེས་བྱ་སྤྱི་དང་བྱེ་བྲག་གི། །  གནས་ལུགས་ཡང་དག་རྟོགས་ བྱེད་པའི། །  རིག་པ་སྤྱི་ལ་འཇུག་པའི་སྒོ། །  སྒྲ་རིག་ཡིན་པ་མཁས་རྣམས་གསུངས། །  ཞེས་དང་།  རིག་པའི་གནས་ཆེ་ཆུང་ཀུན་གྱི་རྩ་བར་གྱུར་པ་ལྟ་བུ་སྒྲ་རིག་པ་ལ་ཐུག་པའི་ཕྱིར།  རིག་པའི་གནས་ཆེ་ཆུང་གང་ལ་བསླབ་ཀྱང་ཐོག་མར་སྒྲ་རིག་པ་ལ་བསླབ་དགོས། ཞེས་སོ། །

༣༡  དགྲ་གྲོགས་ཀྱི་བརྩི་གཞི་ངོས་འཛིན་དང་། དགྲ་གྲོགས་ཀྱི་འབྲས་བུ། དགྲ་གྲོགས་ཀྱི་ངོ་བོ་གསུམ་ངོས་འཛིན་བྱེད་ནུས་སམ།
     ལན།  ༡ ཨོ་དང་ན་མོ་ཏདྱ་ཐཱ། ། སྤངས་པའི་སྔགས་ཀྱི་ཐོག་མ་དང་། ། རང་གི་མིང་ཐོག་གཟུང་བར་བྱ། ། གསལ་བྱེད་བརྩེགས་སམ་འཕུལ་བཞག་ཡོད། ། དང་བོའི་ཡི་གེ་གཟུང་བར་བྱ། །
     ༢  གསལ་བྱེད་དགྲར་གྱུར་ནད་མང་ཞིང་། ། དབྱངས་ཡིག་དགྲར་གྱུར་སྲོག་དང་འབྲལ། །  ཐ་མལ་གྱུར་ན་འབྲས་བུ་མེད། ། གྲོགས་སུ་གྱུར་ན་དངོས་གྲུབ་འབྱུང་། ། དེ་ཕྱིར་དགྲ་གྲོགས་བརྩི་བ་གཅེས། །
     ༣  དགྲ་ཡིན་ཚུལ།  ས་དགྲ་མེད་ཡིན་མེ་དགྲ་ཆུ། །  ཆུ་དགྲ་རླུང་ཡིན་རླུང་དགྲ་ས། །
     ནུས་མེད་དུ་འགྱུར་ཚུལ།  ས་ནི་མེ་ལ་ནུས་པ་མེད། །  མེ་ནི་ཆུ་ལ་ནུས་པ་མེད། །  ཆུ་ནི་རླུང་ལ་ནུས་པ་མེད། །  རླུང་ནི་ས་ལ་ནུས་པ་མེད། །
     གྲོགས་སུ་འགྱུར་བའི་ཚུལ།  ས་ཆུ་ཕན་ཚུན་གྲོགས་པོ་སྟེ། །  མེ་རླུང་ཕན་ཚུན་གྲོགས་པོ་ཡིན། །  ནམ་མཁའ་ཀུན་གྱི་གྲོགས་ཡིན་ཏེ། ། ཀུན་ཀྱང་ནམ་མཁའི་གྲོགས་སུ་འགྱུར། །
༣༢  དབྱངས་ཀྱི་བཀླག་ཚུལ་བརྗོད་ཐུབ་བམ།
     ལན།  ཡི་གེ་ཐུང་བ་གཅིག་ཡུན་བཀླག ། རིང་བ་གཉིས་ཀྱི་ཡུན་དུ་བཀླག ། ཤིན་ཏུ་རིང་བ་གསུམ་ཡུན་བཀླག ། པླུ་ཏ་ཡང་དེ་བཞིན་ནོ། ། འགྲེང་བུ་ན་རོ་ཡོད་གྱུར་ན། །  རིང་བོ་ཉིད་ ཕྱིར་འ་འདོགས་འཁྲུལ། །
༣༣  གསལ་བྱེད་ཀྱི་བཀླག་ཚུལ་ལས། གསུམ་པའི་བཀླག་ཚུལ་དང་། བཞི་བའི་བཀླག་ཚུལ། ལོག་སྡེའི་བཀླག་ཚུལ། ཥའི་བཀླག་ཚུལ།  ཀྵའི་བཀླག་ཚུལ། ཛྷའི་བཀླག་ཚུལ། དུ་མ་བརྩེགས་པའི་བཀླག་ཚུལ། འདྲ་བ་བརྩེགས་པའི་བཀླག་ཚུལ། མི་འདྲ་བ་བརྩེགས་པའི་བཀླག་ཚུལ། འཁྲུལ་བ་སྤང་བ། རྣམ་བཅད་བཀླག་ཚུལ།  རྗེས་སུ་ང་རོ་བཀླག་ཚུལ། ལྕེ་རྩ་ཅན་དང་མཆུ་ཅན་བཀླག་ཚུལ། ཡ་བཏགས་པའི་བཀླག་ཚུལ། ཝ་བཏགས་པའི་བཀླག་ཚུལ། རྀ་ལྀ་ཞུགས་པའི་བཀླག་ཚུལ།  ཨི་ཞུགས་པའི་བཀླག་ཚུལ།  ཀེ་ཤ་ཅན་གྱི་བཀླག་ཚུལ་བཅས་གང་འདྲ་ཞིག་ཡིན་ནམ།
     ལན། ༡ གསུམ་པའི་བཀླག་ཚུལ། མིང་གི་ཐོག་མར་སྡེ་བ་ཡི། །  གསུམ་པ་འས་འཕུལ་བཞིན་དུ་བཀླག །  དབུས་མཐར་བྱུང་ན་བོད་དང་མཚུངས། །
     ༢  བཞི་བའི་བཀླག་ཚུལ། བཞི་བ་རྣམས་ནི་གསུམ་པ་ལ། ། ར་མགོ་ཧ་སྒྲ་ལྡན་པར་བཀླག །
     ༣  ལོག་སྡེའི་བཀླག་ཚུལ། ཊ་སོགས་ལོག་སྡེའི་བཀླག་ཚུལ་ནི། ། ལྕེ་རྩེ་རྐན་སྦྱར་སྟིབས་ཀྱིས་བསྒྱུར། །
     ༤  ཥའི་བཀླག་ཚུལ། ཥ་ནི་ཁ་དང་ཆ་མཐུན་པར། ། རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །
     ༥  ཀྵའི་བཀླག་ཚུལ། ཀྵ་ནི་ཁྱ་དང་ཆ་མཐུན་ཙམ། །
     ༦  ཛྷའི་བཀླག་ཚུལ། ཛ་ལ་ཉ་བཏགས་འགྱ་འམ་གཉའ། །
     ༧  དུ་མ་བརྩེགས་པའི་བཀླག་ཚུལ། གསལ་བྱེད་མི་འདྲ་དུ་མ་བརྩེགས། ། རང་སྒྲ་ཐོན་ཙམ་མྱུར་བར་བཀླག ། དབྱངས་དང་ང་རོ་འོག་མ་དབང་། །
     ༨ འདྲ་བ་བརྩེགས་པའི་བཀླག་ཚུལ། འདྲ་བའི་གསལ་བྱེད་བརྩེགས་གྱུར་ན། །  ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག །
     ༩  མི་འདྲ་བ་བརྩེགས་པའི་བཀླག་ཚུལ། བརྩེགས་པའི་ཐོག་མ་གོང་མར་དབང་། །  དེ་འོག་རྣམས་ནི་དཀྱུས་སུ་བཀླག །  ཉ་ཎ་ཡར་སྦྱར་ན་ལྟར། ། ཤ་ཁ་ཡར་སྦྱར་ས་ལྟར་བཀླག ། ཀ་ནི་ག་དང་ཙ་ཛ་ཊ། ། ཌ་ཏ་རྣམས་ནི་ད་རུ་བཀླག ། པ་ཡིག་རྣམས་ནི་བ་རུ་བཀླག །
     ༡༠  འཁྲུལ་བ་སྤང་བ། གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། ། ཡི་གེ་གཉིས་གཉིས་འདོད་པ་འཁྲུལ། ། དེ་བཞིན་དབྱངས་ཀྱི་རྀ་ལྀ་གཉིས། ། ར་དང་ལ་རུ་འདོད་པ་འཁྲུལ། །
     ༡༡  རྣམ་བཅད་བཀླག་ཚུལ། རྣམ་བཅད་ས་རུ་བཀླག་པའམ། ། དྲག་པོར་བཅད་དེ་བཀླག་པར་བྱ། །
     ༡༢  རྗེས་སུ་ང་རོ་བཀླག་ཚུལ། རྗེས་སུ་ང་རོ་སྡེ་བ་ལ། ། རང་རང་སྡེ་བའི་ལྔ་བར་བཀླག ། ཡ་སོགས་བརྒྱད་ལ་ང་རུ་བཀླག ། ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། ། ཤད་ཀྱིས་ཆོད་ན་རང་ཉིད་བརྩི། ། ཤད་མེད་ན་ནི་འོག་མ་བརྩི། ། དམིགས་བསལཨོ་དང་ཧཱུ་གཉིས་མ་དང་ང་། །  ཚིག་གྲོགས་དག་ལ་ལྟོས་པ་མིན། །
     ༡༣  ལྕེ་རྩ་ཅན་དང་མཆུ་ཅན་བཀླག་ཚུལ། ལྩེ་རྩ་ཅན་དང་མཆུ་ཅན་ནི། ། ཨ་ཀ་ཨ་པ་ཞེས་པའམ། ། ཀོ་ཝ་པོ་ཝ་ཞེས་པར་བཀླག །
     ༡༤  ཡ་བཏགས་པའི་བཀླག་ཚུལ། ཡ་བཀླག་ཕལ་ཆེར་འགྲེང་བུ་ནི། ། ཡའི་སྒྲ་ཅུང་ཞིག་ལྡན ་པར་བཀླག ། དམིགས་བསལཡ་ལ་ཡ་བཏགས་ཡ་རང་ཉིད། ། ཀ་ཁའི་ཡ་བཏགས་བོད་ བཞིན་བཀླག ། ར་ལ་ཡ་བཏགས་ར་ཡར་སྦྱར། །
     ༡༥  ཝ་བཏགས་པའི་བཀླག་ཚུལ། ཝ་བཏགས་ཕལ་ཆེར་ན་རོ་སྟེ། ། ཝའི་སྒྲ་ཅུང་ཞིག་ལྡན་པར་བཀླག །
     ༡༦ རྀ་ལྀ་ཞུགས་པའི་བཀླག་ཚུལ། ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། ། གི་གུ་ཕྱིར་ནི་ལོག་གྱུར་ན ། །  ཀི་རྀ་ཀི་ལྀ་ཞེས་མྱུར་བཀླག །
     ༡༧ ཨི་ཞུགས་པའི་བཀླག་ཚུལ། ཀ་སོགས་ར་དང་ལ་བཏགས་ནས། ། གི་གུ་ཕྱིར་ནི་མ་ལོག་ན། ། ཀ་རི་ཀ་ལི་ཞེས་པར་བཀླག །
     ༡༨  ཀེ་ཤ་ཅན་གྱི་བཀླག་ཚུལ། ཨེེ་དང་ཨོོ་ཡི་བཀླག་ཚུལ་ནི། ། ཨེ་ཨི་ཨོ་ཨུ་ཞེས་པར་བཀླག ། དེ་བཞིན་ཀ་སོགས་སྲོག་ཞུགས་ན། ། ཀེ་ཨི་ཀོ་ཨུ་སོགས་སུ་བཀླག །

མཚམས་སྦྱོར་ལྔ་བ་བཤད་པ།

༣༤ མཚམས་སྦྱོར་ལྔ་ནི་གང་དག་ཡིན།
     ལན།  མིང་གི་མཚམས་སྦྱོར་དང་། དབྱངས་ཀྱི་མཚམས་སྦྱོར། རང་བཞིན་དུ་གནས་པའི་མཚམས་སྦྱོར། གསལ་བྱེད་ཀྱི་མཚམས་སྦྱོར། རྣམ་བཅད་མཚམས་སྦྱོར་ལྔའོ། །
༣༥  མཚུངས་པའི་ཡི་གེ་ལྔ་ནི་གང་དག་ཡིན།
     ལན།  ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ། །
༣༦  ནཱ་མིའི་ཡི་གེ་ནི་གང་དག་ཡིན།
     ལན།  ཨ་བོར་བ་ནཱའོ། །  ཨ་ཡིག་རིང་ཐུང་གཉིས་བོར།  ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨེེ་ཨོ་ཨོོ
༣༧  ཧ་སའི་ཡི་གེ་ནི་གང་དག་ཡིན།
     ལན།  ཧ་ས་གསལ་བྱེད་རྣམས་སོ། །  ཧ་ཡ་ཝ་ར་ལ།  ཉ་ཎ་ན་ང་མ།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག་བ།  ཁ་ཕ་ཚ་ཋ་ཐ།  ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །
༣༨  ཧ་བའི་ཡི་གེ་ནི་གང་དག་ཡིན།
     ལན།  ཧ་ཡ་ཝ་ར་ལ།  ཉ་ཎ་ན་ང་མ།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག་བ་རྣམས་སོ། །
༣༩  ཁ་སའི་ཡི་གེ་ནི་གང་དག་ཡིན།
     ལན།  ཁ་ཕ་ཚ་ཋ་ཐ།  ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །
༤༠  ཨ་བའི་ཡི་གེ་ནི་གང་དག་ཡིན།
     ལན།  ཨ་ཨི་ཨུ་རྀ་ལྀ་ཨེ་ཨེེ་ཨོ་ཨོོ།  ཧ་ཡ་ཝ་ར་ལ།  ཉ་ཎ་ན་ང་མ།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག ་བ་རྣམས་སོ། །
༤༡  ཙ་པའི་ཡི་གེ་ནི་གང་དག་ཡིན།
     ལན།  ཙ་ཊ་ཏ་ཀ་པ་རྣམས་སོ། །
༤༢  ཛྷ་བྷའི་ཡི་གེ་ནི་གང་དག་ཡིན།
     ལན།  ཛྷ་ཌྷ་དྷ་གྷ་བྷ་རྣམས་སོ། །
༤༣  ཛ་བའི་ཡི་གེ་ནི་གང་དག་ཡིན།
     ལན།  ཛ་ཌ་ད་ག་བ་རྣམས་སོ། །
༤༤  ཛྷ་སའི་ཡི་གེ་ནི་གང་དག་ཡིན།
     ལན།  ཛྷ་ཌྷ་དྷ་གྷ་བྷ།  ཛ་ཌ་ད་ག་བ།  ཁ་ཕ་ཚ་ཋ་ཐ།  ཙ་ཊ་ཏ་ཀ་པ། ཤ་ཥ་ས་རྣམས་སོ། །
༤༥  འཕེལ་བའི་ཡི་གེ་བཞི་ནི་གང་དག་ཡིན།
     ལན། ཨཱ་ཨཱརྲ་ཨེེ་ཨོོ་བཞི་སྟེ། ཨ་ཡིག་གི་འཕེལ་བ་ཨཱ་དང་། རྀ་ཡིག་གི་འཕེལ་བ་ཨཱརྲ་དང་། ཨི་ཡིག་གི་འཕེལ་བ་ཨེེ་དང་། ཨུ་ཡིག་གི་འཕེལ་བ་ཨོོ་བཅས་སོ། །
༤༦ ཚིག་སྡུད་དྲུག་ནི་གང་དག་ཡིན།
     ལན། མི་ཟད་པའི་བསྡུ་བ་དང་། དེའི་སྐྱེས་བུའི་བསྡུ་བ། ཟླས་དབྱེའི་བསྡུ་བ།  འབྲུ་མང་པོའི་བསྡུ་བ།  ལས་འཛིན་གྱི་བསྡུ་བ། ཕྱོགས་གཉིས་པའི་བསྡུ་བ་བཅས་དྲུག་གོ། ཡང་ན། འབྲུ་མང་པོ་བའི་སྡུད་པ། ལས་འཛིན་གྱི་སྡུད་པ།  བ་གཉིས་བའི་སྡུད་པ། སྐྱེས་བའི་སྡུད་པ། ཟླས་དབྱེའི་སྡུད་པ། གྲངས་མེད་པའི་སྡུད་པ་སྟེ་དྲུག་གོ།
༤༧  ཡོན་ཏན་གྱི་ཡི་གེ་གསུམ་ནི་གང་དག་ཡིན།
     ལན། རྀའི་ཡོན་ཏན་ཨར་ཞེས་པ་དང་། ཨེའི་ཡོན་ཏན་ཨེེ་ཞེས་པ་དང་། ཨུའི་ཡོན་ཏན་ཨོ་ཞེས་པ་རྣམས་སོ། །
༤༩ ཉ་མ་སྣ་ལྡན་གྱི་ཡི་གེ་ལྔ་གང་དག་ཡིན།
     ལན།  ཉ་ཎ་ན་ང་མ་ལྔའོ། །
༤༩ གཤམ་གསལ་སྒྲ་མདོ་དག་གི་དོན་བཤད་ཐུབ་བམ།
     ལན།  མཚམས་སྦྱོར་ལྔ་བའི་རྩ་འགྲེལ་དང་བཅས་པར་སྦྱངས་པ་གནད་དུ་འགྲོ་བ་གཞིར་ བཅས་ཏེ་འདིར་རེ་རེ་འགོད་པའི་ངལ་བར་མ་བསྟེན་པས་གཞན་དུ་ཤེས་པར་བྱའོ། །
༥༠ མཚམས་སྦྱོར་ཕྱི་མ་བཞིའི་དཔེར་བརྗོད་དང་བཅས་པ་རེ་རེ་བཞིན་འགོད་ཐུབ་བམ།
     ལན།  རྒན་གཟུངས་འབུམ་ཐར་གྱིས་མཛད་པའི་དབྱངས་ཅན་སྒྲ་མདོའི་ཁྲིད་ཡིག་ཀུན་དགའ་འདོད་འཇོའི་ཤོག་ངོས21ནས97བར་དུ་དཔེར་བརྗོད172ཁ་གསལ་བོར་བཀོད་འདུག་པས་དེ་ལས་ཤེས་པར་བྱ་བ་འདིར་བསྐྱར་ཟློས་སུ་སྤེལ་རྒྱུ་མིན།
ཟུར་བཀོད།  ཉེར་མཁོའི་སྔགས་བོད་ཤན་སྦྱར།
     
འདིར་སྨྲས་པ།
     ཆུ་ལས་འོ་མ་བླངས་པ་ལ། །
     ཉེས་སྐྱོན་ཅི་མཆིས་མཐོལ་ལོ་གཤགས། །
     འདི་ལས་བྱུང་བའི་དགེ་བའི་མཐུས། །
     ཐམས་ཅད་བསམ་དོན་འགྲུབ་གྱུར་ཅིག །
མཆན།  ལེགས་སྦྱར་སྒྲ་རིག་པའི་དྲིས་ལན་ལྔ་བཅུ་བ་སྐལ་བཟང་འཇུག་ངོགས་ཞེས་བྱ་བ་འདི་ནི་ཁོ་བོས་རབ་འབྱམས་ཞིབ་འཇུག་སློབ་མའི་ཡིག་ཚད་དུ་ལེགས་སྦྱར་སྒྲ་རིག་པར་རྒྱུགས་སྤྲོད་པའི་སྟ་གོན་དུ་དགེན་ཁུ་བྱུག་དང་། བཀྲ་ཤིས་དབྱངས་ཅན་དགའ་བའི་བློ་གྲོས། གཟུངས་འབུམ་ཐར་སོགས་ཀྱིས་མཛད་པའི་སྒྲ་རིག་པའི་བསླབ་དེབ་ལས་ཉེ་བར་མཁོ་བའི་ཆ་དག་ཧྲགས་བསྡུས་སུ་དྲི་བ་དྲིས་ལན་གྱི་རྣམ་པར་སྦྱར་བ་ཞིག་གོ།

སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2025 BODYIG.NET 【མཉེན་ཆས་གླིང་།】

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག