བབས་གནས།  དབུ་ངོས།སྐབས་དོན། ཤེས་བྱ། → ༼༡༽མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་།

༼༡༽མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་།

ཡོང་ཁུངས། སེམས་བསྐྱེད་འཕྲིན་སྟེགས། རྩོམ་པ་པོ། རྒན་གྱའི་དཀོན་མཆོག་རྒྱ་མཚོ། སྤེལ་དུས། 08-18ཀློག་གྲངས།


 

སྤྱང་བླ་ཟོག་ཏུ་བཀུར་བའི་རུས་ཚོ་མདོ་སྨད་ན་ཡོད་པར་མ་ཟད། སྟོད་མངའ་རིས་བྱང་ཕྱོགས་ཀྱི་གངས་ཏེ་སེའི་ཉེ་འདབས་ས་ཁུལ་དང་ས་དེར་གནས་པའི་འབྲོག་སྡེ་ཆེན་པོ་རྣམས་ལ་དེང་སང་ཡང་སྤྱང་ཞེས་འབོད་ཀྱིན་ཡོད།མདོ་སྨད་དུ་ཡང་སྤྱང་ལུང་།དོམ་ལུང་།སྟག་ལུང་སོགས་མང་ལུགས་ལ་བལྟས་ན་ཡང་གོ་བ་རྙེད་རྒྱུ་ཡོད།ཀན་སུའུ་ལོ་རྒྱུས་ཆེན་མོ་རུ།བྲག་དཀར་རི་རྒྱུད་དུ་འ་ཞ་བསྡད་པར་བཤད་པ་དང་། ཝེ་བྱང་མའི་ལོ་རྒྱུས་སུ་འ་ཞའི་རྗེ་བོ་མོང་དཔོན་(སྤྱི་ལོ་༤༣༦ལོར་འདས།)གྱི་མངའ་རིས་ནི་ཤར་ལུང་ཤར་ལ་རྒྱུད།ལྷོ་པཱ་ཞིསནུབ་ཁུ་ནུ་རི་བོ།བྱང་ལི་ཡུལ་གྱི་བར་ཡིན་པར་བཤད་པ་དང་། ཐང་ཡིག་རྙིང་བར།འ་ཞ་ནི་ཀན་ཟུང་གི་ལྷོ།ཐོའུ་ཆུའི་ནུབ།ལྷོ་མཐའ་བཱ་ཡན་ཧ་རིར་ཐུག་པའི་བར་ས་ལེ་དབར་སྟོང་ལྷག་ཡོད། ལུང་སོ་སྲིད་ལོ་(སྤྱི་ལོ༦༦༣)གསུམ་པར་བོད་ཀྱི་མངའ་འོག་ཏུ་བཅུག ཅེས་འབྱུང་བ་བཞིན་དུ་འ་ཞས་ཀྱང་ས་འདི་བཟུང་ལ།འ་ཞ་བྱ་བ་བོད་རིགས་ཡིན་པ་ནི། རུས་མཛོད་མེ་ཏོག་སྐྱེད་ཚལ་དུ་དྲངས་པའི་ཡིག་རྙིང་ལས། སྡོང་ལ་རུས་ཚན་བཅོ་བརྒྱད་གྲོལ།།སེང་རྒྱལ་འ་ཞ་བུ་དགུ་གྲོལ།།  ཅེས་དང་།སྡེ་སྲིད་ཀྱིས། འ་ཞ་གློག་སྐྱ་ལྕགས་མར་བ།།  ཞེས་དེ་རྣམས་རུས་གཅིག་གི་ཁོངས་སུ་འདུ་བར་བཤད་པ་ལས་ཤེས་ལ། དེབ་དཀར་དང་དེའི་རྗེས་འབྲང་དག་གིས་འ་ཞ་དང་དྲུ་གུ་ཕན་ཚུན་ནོར་ཡོད་ཀྱང་། དྲུ་གུ་བྱ་བར་ཙི་ན་བས་ཐོའུ་ཅའེ་(突厥)ཟེར་བ་དེ་ཡིན་པ་དང་། འ་ཞ་ལ་ཐོའུ་ཡེ་ཧོང་ཟེར་བར་བཤད་མོད།ཕྱི་མ་ལ་འོག་ཏུ་གསལ་བ་ལྟར་དཔྱད་གཞི་ཆེ།འགའ་ཞིག་གིས། ཏུན་ཧོང་གི་ཡིག་རྙིང་དུ། དུ་གུ་ཞེས་འབྱུང་བ་དེབ་དཀར་གྱིས་མཆན་བཏབ་སྟེ་དྲུ་གུ་ཡིན་ནམ་ཟེར་ཡང་། ཙི་ནའི་ཡི་གེ་(吐谷浑)འདིའི་དབུས་མར་“གུ་”བྱ་བར་ཡང་ཀློག་སྟངས་ཡོད་འདུག་པས།ཉེ་དུས་ཐང་གི་སྙན་ངག་གྱེར་འདོན་གྱི་བརྙན་སྡེར་ཞིག་ཏུ།ཐུའུ་གུ་ཧོང་ཞེས་ལོ་རྒྱུས་ལ་རྒྱུས་མེད་པ་ཞིག་གིས་དེ་ལྟར་བཀླག་འདུག་ཅེས་བྲིས་འདུག་མོད། ཉེ་རབས་ཀྱི་ལོ་རྒྱུས་ཀྱི་ལོ་རྒྱུས་སྨྲ་བ་སྟག་ལྷ་ཕུན་བཀྲས་བསྒྱུར་བའི་ཐང་ཡིག་ཏུ་ཡང་། ཐུའུ་ཀུའུ་ཧུན་ཞེས་པ་གྲུ་གུ་ལ་ཟེར།ཞེས་འབྱུང་བ་དང་།ཁང་ཞིའི་ཡིག་མཛོད་དང་།ཐང་རྒྱལ་རབས་ཀྱི་སྔོན་གྱི་མཁས་པ་མང་བོས་དེ་luཞེས་བཀླག་དགོས་པར་འདོད་ལ།ཚལ་བའི་དེབ་དམར་དུ་ཡང་ཐུ་ལུ་ཧུན་ཞེས་བྲིས་ཡོད་པས།ལོ་རྒྱུས་སྐབས་སུ་མཐའ་གཅིག་ཏུ་ཐོའུ་ཡེ་ཧོང་ཞེས་བཀླག་དགོས་པའི་ངེས་པ་མེད་དོ།།

འ་ཞ་འདི་རྒྱའི་ལོ་རྒྱུས་པ་དག་གིས་སྤྱི་ལོ༢༦༥ནས་༣༡༧བར་རྒྱ་ནག་གི་དེང་གི་ལའོ་ཉིན་ནུབ་བྱང་རྒྱུད་དུ་འབྲོག་ལས་གཉེར་བའི་ཞན་པིས་རིགས་ཀྱི་ཚོ་ཁག་གཅིག་རྐྱེན་དབང་གིས་ནུབ་ཕྱོགས་ཀ་ཆུའི་ཁུལ་དུ་གཞིས་ཆགས་ནས་རིམ་གྱིས་མཚོ་སྔོན་ལྷོ་ཤར་གྱི་བོད་རིགས་དང་གཉེན་འབྲེལ་བྱུང་སྟེ་ནུས་པ་རྒྱས་རྗེས་དེར་སྲིད་དབང་བཙུགས་པར་བཤད་ཅིང་།རྒྱ་ནག་གིས་ཐུའུ་ཡེའུ་ཧོང་ཟེར་བ་དེ་བོད་ཀྱིས་འ་ཞ་ཟེར་བ་དེ་ཡིན་པའི་ངོས་འཛིན་གནང་མཁན་མང་བོ་བྱུང་འདུག་ཀྱང་།  ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་སུ་ཐུའུ་ཡེའུ་ཧོང་དང་།ཧོར་སེར་དང་།དེང་སང་དཔའ་རིས་ས་ཆར་ཡོད་པའི་ཧོར་རིགས་ཏེ།རྒྱ་ནག་གིས་ཐོའུ་རིགས་སུ་འབོད་པ་དེ་གསུམ་ཧ་ལམ་དོན་གཅིག་པའི་ཚོད་དཔག་དང་།དེ་ལྟ་ན་ཐུའུ་ཡེའུ་ཧོང་དེ་རྒྱས་ཞུང་ནུའུ་རུ་འབོད་པའི་ཧོར་སོག་གི་རིགས་ཡིན་གྱི།ཞན་པིས་ཞེས་རིགས་ཟུར་བ་ཞིག་མ་ཡིན་པ་དང་།འ་ཞ་དང་དེ་གཉིས་མི་གཅིག་པར་ལུང་རིགས་ཀྱིས་བསྒྲུབས་ཤིང་།ཐུའུ་ཅེའེ་བྱ་བ་དེ་བོད་རྒྱ་ཚིག་མཛོད་ཆེན་མོར་གྲུ་གུ་ལ་བསྒྱུར་བ་དང་།སྟག་ལྷ་ཕུན་བཀྲས་ཡུ་གུར་ལ་བསྒྱུར་བ་སྤྱི་དང་བྱེ་བྲག་གི་ཁྱད་དེ།སྐབས་དེར་ལི་ཡུལ་གྱི་མི་རིགས་སྤྱི་ལ་ཡུ་གུར་ཟེར་ཞིང་གྲུ་གུ་ནི་དེའི་རིགས་སུ་གཏོགས་པའི་རྒྱལ་ཕྲན་ཞིག་ཡིན་པ་དང་།དེང་སང་གི་ཋིར་ཁིས་རྒྱལ་ཁབ་ཀྱི་བྱུང་བར་སྤྱི་ལོ་མ་ཚུགས་གོང་རྒྱ་ནག་ཧན་རྒྱལ་རབས་ལ་དམག་རྒྱག་མཁན་ཞུང་ནུའུ་ཟེར་བའི་རིགས་རྒྱུད་མི་ཚང་ལྔ་བརྒྱ་ཙམ་ལི་ཡུལ་གྱི་ཨ་ཏན་རི་བོར་གནས་སྤོས་པ་དང་།སྤྱི་ལོ་བརྒྱ་ཕྲག་དྲུག་པ་ནས་སྟོབས་ཤུགས་རྒྱས་ཤིང་ནང་མ་འཆམ་པར་ཁག་གཉིས་སུ་གྱེས་པ་ལ་ཡུ་གུར་ཤར་ནུབ་གཉིས་ཟེར་ཚུལ་དང་།སྲོང་བཙན་དུས་སུ་བྷ་ཏ་ཧོར་གྱི་རྒྱལ་བོ་ཟེར་བ་ཡང་རྒྱ་ནག་གིས་ཐུའུ་ཡེའུ་ཧོང་ཟེར་བའི་རྒྱལ་བོ་ཡིན་སྲིད་པའི་དཔྱོད་སྒོ་བཏོད་ཡོད་པ་བསམ་རིན་ཡོད་པ་ཞིག་རེད། གླང་རུ་ལུང་བསྟན་གྱི་མདོ་ལས། གལ་ཏེ་ཡུལ་འདིར་གྲུ་གུ་ལ་སོགས་པའི་གཏུམ་པོ་དད་པ་མ་མཆིས་པ་རྣམས་དང་།ཧོར་དང་སུམ་པའི་དམག་དག་མཆི་བར་འགྱུར་ན།ཞེས་དང་།ལི་ཡུལ་ལུང་བསྟན་གྱི་མདོ་ལས།

གང་ཚེ་ཡུལ་འདིར་རྒྱ་དང་ནི།།

འ་ཞ་དང་ནི་གསུམ་པ་རྣམས།།

འཕགས་སྐྱེས་པོ་ཡི་དམག་བཞིན་དུ།།


ཞེས་པའི་ཚིག་ཟིན་ལ་གྲུ་གུ་དང་ཧོར་སོ་སོར་ཕྱེ་ཡོད་པ་དང་།  གྲུ་གུ་ནི་ལི་ཡུལ་གྱི་གཉུག་མར་གནས་པ་མ་ཡིན་པ་དང་།མདོ་སྔ་མའི་གྲུ་གུ་དེ་མདོ་ཕྱི་མའི་འ་ཞ་དང་གཅིག་ཡིན་མིན་དཔྱད་གཞི་ཡོད་པ་བཅས་འདིར་དྲངས་སོ།།དེས་ན་གར་ལོག་དང་དུ་རུ་ཁ་ཟེར་བ་ཡང་འདི་ཡིན་པར་སྣང་།འོན་ཀྱང་།དོན་གྲུབ་རྒྱལ་གྱིས།ཐུའུ་ཡེའུ་ཧོང་དང་འ་ཞ་གཅིག་པ་དང་།ཡུ་གུར་དང་ཧུས་ཧྭི་གཅིག་པ་དང་། གྲུ་གུ་དང་ཐུའུ་ཅའེ་གཅིག་ཏུ་བཤད་དོ།། མདོ་དོན་རྒྱ་ནག་གི་མཁས་པ་འགས་འ་ཞ་དེང་ཐོག་བོད་པ་མ་ཡིན་པར་སྒྲུབ་པ་དེ་ཡིན་ཀྱང་།བོད་ཀྱི་གཞུང་ལུགས་དག་ན་འ་ཞ་བོད་ཡིན་པར་གསལ་ཞིང་།འ་ཞའི་ཐོག་མའི་གཞིས་ཆགས་མདོ་ཁམས་ཡིན་པར་བརྟེན།དབུས་གཙང་གི་འ་ཞའི་རྒྱུད་པ་ཡང་མདོ་ཁམས་སྒང་ནས་མཆེད་པར་རྒྱལ་བ་དགེ་རྒྱམ་པའི་རྣམ་ཐར་དུ་གསལ་བ་དང་།བཀའ་ཐང་སྡེ་ལྔ་ལས། རྒྱལ་བོ་གྲི་གུམ་བཙན་པོའི་སྐུ་རིང་ལ།།ཏ་ཟིག་འ་ཞའི་བོན་པོ་གདན་དྲངས་ནས།། ཞེས་དེ་དུས་ནས་འ་ཞ་ལ་བོན་པོ་ཡོད་པར་བཤད་པས་ཀྱང་རྒྱུ་མཚན་གོ་རྒྱུ་མང་སྙམ། འོན་ཀྱང་མཁས་དགར།དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས།། གུ་ར་ཝ་ཏ་ཞེས་པའི་ཡུལ་ཁམས་ནས།།མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་།། ཞེས་པ་གཉིས་རྩ་བ་གཅིག་ལ་བརྟེན་པར་སྣང་བས། སྔ་ཕྱིའི་བྱུང་རིམ་དེད་ན་སྔ་མ་ཁུངས་བཙན་དགོས་ཏེ་ཞར་བྱུང་ངོ་།། དེས་ན། ཐང་ཡིག་ཏུ།བྱང་ཕྱོགས་གེ་སར་གྲུ་གུ་བཞུགས་པ་ཡང་།།ཞེས་པ་ལྟར། གེ་སར་དམག་གི་རྒྱལ་ཁབ་ཀོང་ཅོ་སློང་དུ་ཡོངས་རབས་རྒྱལ་རབས་གསལ་མེ་སོགས་སུ་གསལ་བ་དེ་དང་། རྒྱའི་ཐང་ཡིག་ཏུ་གྲུ་གུ་སླེབས་རབས་བཤད་པ་གཉིས་གཅིག་ཏུ་བབས་འདུག ལྡེའུ་ཆོས་འབྱུང་རྒྱས་པ་སོགས་སུའང་གྲུ་གུ་ནི་ཞང་ཞུང་གི་མཚམས་སུ་ཡོད་རབས་མང་དུ་འབྱུང་ཞིང་།དེར་མ་ཟད་གྲུ་གུ་གཡུ་ཚོང་།འ་ཞ་གྲི་ཚོང་། ཞེས་དང་།བཙན་མོ་ཁྲི་བངས། འ་ཞ་རྗེ་ལ་བག་མར་གཤེགས། བློན་ཆེ་ཁྲི་འབྲང་དྲུ་གུའི་ཡུལ་ནས་སླར་འཁོར། ཞེས་སོ་སོར་བཤད་པ་དང་། ཐང་ཡིག་གསར་མར།གྲུ་གུ་དང་འ་ཞ་ལ་ཀོང་ཅོ་རེ་ཐོབ་པའི་གཏམ་གསན་ཏེ། ཞེས་དེར་ཡང་དེ་གཉིས་སོ་སོར་བཤད་དོ།།

འ་ཞ་དང་མི་ཉག་གཉིས་ཀྱང་མི་འདྲ་སྟེ།རུས་མཛོད་ལས།མེ་དང་རྟ་སྦྲུལ་སེང་འ་ཞ། །ཆུ་དང་བྱི་ཕག་ལྡོང་མི་ཉག ། ཅེས་དང་། རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ་རིགས། འ་ཞ་ནས་སྒ་བྱུང་སྟེ་ཞེས་གསུངས་པ་ལྟར་ལ།ལོ་རྒྱུས་ཁ་ཤས་སུ་མི་ཉག་གྷ་ཞེས་འབྱུང་མོད།བོད་སྐད་དངོས་ཡིན་པས་མཐུག་པོའི་ཡི་གེ་བྲིས་པ་མ་དག་པས།རུས་ཀྱི་ནང་ཚན་ཡིན་ན་མི་ཉག་ནི་ལྡོང་ཡིན་པར་མང་དུ་འབྱུང་བ་ལྟར།འདིར་ཐོལ་བྱུང་དུ་སྒ་རུ་འགྱུར་དོན་མེད་པས་དུས་ཀྱི་བསྐལ་དོན་དུ་གྱུར་པའི་ལོ་རྒྱུས་ཀྱི་གསང་བ་འདི་དག་ལ་དུས་ཚོད་ཡོད་ན་ཕྱིས་སུ་དཔྱད་པས་ཆོག་གོ། ལར་མི་ཉག་ཟེར་དུས་ཕྱིས་ཀྱི་མི་ཉག་རྒྱལ་རབས་ཙམ་ལ་གོ་རྒྱུ་མ་ཡིན་པར་སྲོང་བཙན་གྱིས་མི་ཉག་རྒྱལ་བོའི་སྲས་མོ་རུ་ཡོངས་བཟའ་རྒྱལ་མོ་བཙུན་ཁབ་ཏུ་བསུས་ཚུལ་མཁས་པའི་དགའ་སྟོན་དུ་གསལ་བ་དང་། སྟག་ལྷ་ཕུན་བཀྲས།ཐང་གི་དུས་མགོར་མི་ཉག་རྣམས་མདོ་སྨད་རྨ་ཆུའི་ཁུལ་དུ་ཡོད། སྤྱི་ལོ༦༣༨ལོར་སྲོང་བཙན་གྱིས་མདོ་སྨད་དུ་དམག་དྲངས་སྐབས་མི་ཉག་ཚོ་ཁག་གཅིག་གིས་རྒྱ་ལ་མགོ་བཏགས་པར་བཤད་པ་དང་།མཁས་དགར།སྲོང་བཙན་དུས་སུ་མི་ཉག་གིས་ལག་དཔོན་བྱས་ཏེ་ཁམས་སུ་ལྷ་ཁང་བཞེངས་པར་བཤད་པ་དང་། གོང་དུ་རུས་མཛོད་དྲངས་པ་ལྟར་མི་ཉག་ལས་ལྡོང་རིགས་བྱུང་བར་བཤད་པ་སོགས་གོང་འོག་བསྒྲིགས་ན།རྒྱ་ནག་གིས་ཏང་ཞང་ཟེར་བ།བོད་ཀྱིས་མི་ཉག་ཏུ་འབོད་པ་འདི་བཙན་པོའི་དུས་ནས་ཡོད་པ་ཞིག་ཡིན་པ་ཤེས་དགོས་པར་སྣང་ངོ་།།

འ་ཞ་དང་མདོ་སྨད་ཀྱི་ཐ་སྙད་སྔར་བཙན་པོའི་དུས་ནས་ཡོད་པ་ཏུན་ཧོང་ཡིག་རྙིང་དུ་གསལ་ལྟར། ཨ་མདོ་ཞེས་པའི་ཐ་སྙད་ཀྱང་འ་ཞའི་འ་དང་མདོ་སྨད་ཀྱི་མདོ་བསྡོམས་པའི་དོན་ཡིན་སྲིད་དེ། ཨ་མདོ་ལ། སྟག་ཚང་རྫོང་བའི་རྒྱ་བོད་ཡིག་ཚང་སོགས་སུ་འ་མདོ་ཞེས་ཀྱང་བྲིས་པས་སོ།།ཞེས་འགའ་ཞིག་གླེང་ངོ་།ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། འ་ཞའི་གཡག་མགོའི་མཁར་(牛头城)བྱ་བའི་མཁར་གྲགས་ཆེན་ཞིག་ཀྱང་ཡོད་འདུག་ལ། ཆིང་གི་སྐབས་སུ་ཟུར་བརྒྱད་མཁར་(八角城)དུ་འབོད་ཅིང་། སུང་གི་སྐབས་སུ་ཡེ་གོང་མཁར་(一公城)དུ་འབོད་པའི་གཉའ་གོང་མཁར་འདི་ཡང་གཡག་མགོའི་མཁར་བྱ་བའི་གདངས་འགྱུར་བ་ཡིན་སྲིད་ལ།སུ་རུག་གི་མཁར་ལ་དམངས་ཁྲོད་དུ་ཕག་མགོའི་མཁར་རམ་ཕག་མགོའི་ཀླད་ཟེར་བ་དང་། གནའ་བོའི་དུས་སུ་ཉ་དང་ཡ་ཁྱད་མེད་ཡིན་པ་འོག་ཏུ་འབྱུང་བ་ལྟར་དང་།དོན་གཅིག་ལ་སྔོན་རྗེས་ཡོད་མེད་ཀྱང་མི་འདྲ་བ་དུ་མ་ཡོད་པས།ཞིབ་ཏུ་བསམ་ན་གཉའ་གོང་བྱ་བ་འདི་གཡག་གོང་ངམ་གཡག་མགོ་བྱ་བ་དང་འབྲེལ་བ་ཡོད་སྙམ་པ་རྟག་ཏུ་འཆར་ཡོང་། འ་ཞའི་རྒྱལ་ཁམས་བཙན་པོས་བསྣུབས་རྗེས། ཏུན་ཧོང་གཏེར་ཡིག་ཏུ་གསལ་བ་ལྟར་དར་རྒྱལ་མང་བོ་རྗེས་དམག་སྣ་དྲངས་ཏེ་རྒྱ་དང་གཡུལ་འཁྲུག་བརྒྱབ་ཅིང་དམག་དཔོན་དར་རྒྱལ་གྱི་བྱས་པ་བསྐལ་བའི་བར་མི་ནུབ་པར་གནས་ཕྱིར་རི་དང་མཚོ་ལ་དམག་དཔོན་གྱི་མཚན་གསོལ་ཞིང་།དབལ་སྡེ་དམག་དཔོན་སྒང་ཞེས་དར་རྒྱལ་མཆོད་པའི་རྗེས་ཤུལ་ཡོད་པར་མ་ཟད། དབལ་སྡེར་“གཅོ་ཚང་”བྱ་བའི་རུས་ཡོད་པའང་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དུ་“གཅོ་དར་རྒྱལ་མང་བོ་རྗེ་”ཞེས་གསལ་བ་དང་མ་བསྒྲིགས་ལྷུན་གྱིས་གྲུབ་ཡོད་པས།དབུས་དམག་གི་རྒྱུད་པས་ས་འདི་བཟུང་བའང་ཐེ་ཚོམ་ཡེ་ནས་མེད་པ་རེད། རྒྱའི་ཡིག་ཚང་སྲིད་སྐྱོང་མེ་ལོང་དུ་གསལ་བའི་ཏེའོ་ཁི་ཁྲིན་(雕窠城)མེ་སྤྲེལ་(སྤྱི་ལོ༧༥༦)ལོར་བོད་ཀྱིས་རྒྱ་ནག་གི་ལག་ནས་ཕྱིར་བླངས་པར་བཤད་པའི་མཁར་དེ་རྒན་གྱའི་མཁར་ཆེན་འདི་ཡིན་པར་རྒྱ་ནག་གི་མཁས་པ་ལི་ཀྲིན་ཡེ་(李振翼)ཡིས་བཤད་པ་ཕལ་ཆེར་བདེན་པར་སྣང་སྟེ། སྲིད་དོན་ཀུན་གསལ་མེ་ལོང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་(通鉴吐蕃史料)བྱ་བ་ལས། མཁར་དེ་ཆགས་སའི་ས་ཕྱོགས་ནི་ཧི་ཀྲིག་གི་ནུབ་ཀྱི་ས་ལེ་དབར་བརྒྱད་ཅུའི་མཚམས་ཀྱི་ཟོག་གོང་གཞུང་དུ་ཐའན་ཁྲིན་ཅོན་ཡོད་པ་དང་།དེ་ནས་ནུབ་ཏུ་ས་ལེ་དབར་བརྒྱ་ལྷག་གི་མཚམས་སུ་ཏེའོ་ཁི་ཁྲིན་ཡོད།  ཅེས་པ་དང་ཕྱོགས་མཚུངས་པའི་ཕྱིར་རོ།། འོན་ཀྱང་།འགའ་ཞིག་གིས་ཏེའོ་ཁི་ཁྲིན་ནི་རེབ་གོང་རྫོང་གི་མཁར་ཞིག་ཡིན་པར་བཤད་པའང་འདུགའོན་ཀྱང་། ལི་ཀྲིན་ཡེ་ཡིས།མཁར་གཡུང་དྲུང་ཐོག་མར་རྩིག་མཁན་ནི།ས་བྱི་(སྤྱི་ལོ༧༤༨)ལོར་བོད་ཀྱི་ཧྲི་པོ་མཁར་གཏོར་མཁན་ཐང་གི་དམག་དཔོན་ཀི་ཧྲུའུ་ཧའན་(哥舒翰)ཡིན་པར་བཤད་པ་ཚོད་དཔག་ཙམ་ལས་རྒྱུ་མཚན་རྣམ་དག་དཀའ་བས་དཔྱད་གཞིའོ།།

(རྭ་སྒྲེང་ནའང་གཉའ་གོང་བྱ་བ་ཞིག་ཡོད་པ་དེའི་དཀར་ཆག་ཏུ་གསལ།)ཡེ་གོང་ངམ་དབྱི་གུང་བྱ་བའི་རྒྱ་ཡིག་གི་གདངས་དེ་བོད་སྐད་ཀྱི་སྒྲ་བསྒྱུར་ཡིན་སྟབས། ཡེ་གོང་གི་ཆ་ཤས་སྔ་མ་དེའི་གདངས་ཐོན་པ་གཙོ་བོར་དམིགས་ཏེ། ཡེ་(移)དང་ཡེ་(叶)དང་ཡེ་(一)ཞེས་རྒྱའི་ཡིག་གཟུགས་མི་འདྲ་བ་དུ་མས་བྲིས་ཡོད་པས་ཀྱང་རྒྱའི་རང་སྐད་མ་ཡིན་པ་མཚོན་པར་བཤད་ལ། དེས་ན།  ཙོང་ཁའི་རྒྱལ་བོ་ནི། རྒྱའི་སུང་རྒྱལ་རབས་ཀྱི་ཡིག་ཚང་དག་གི་བཤད་ཚུལ་ལ།ཀོ་ཁྲང་མོ་ཡུས་སམ་ཡུལ་དབུས་འཕན་ཡུལ་དང་མར་ཡུལ་དང་མང་ཡུལ་གང་རུང་ཞིག་ཏུ་མེ་བྱ་(སྤྱི་ལོ༩༩༧)ལོར་འཁྲུངས་པ་ལོ་བཅུ་གཉིས་སྟེང་མདོ་སྨད་རྐ་ཆུའི་དཔལ་ལྷ་ཡེ་ཤེས་ཀྱིས་(རྡོག་འགའ་ཞིག་གིས་རྡོག་ཡེ་ཤེས་འབྱུང་གནས་ཡིན་ནམ་ཟེར་ལ།ཡང་འགའ་ཞིག་གིས།བྲ་སྡེ་ཚོ་བའི་བྲ་ཉང་བཙན་ཡིན་ནམ་ཟེར།)གདན་དྲངས་ནས་སྟོབས་རྫོང་མཁར་(多增城)དུ་བཞུགས་པ་དང་། དེ་ནས་ཟིང་བོ་ཁྲི་སྲིད་རྗེ་བྱ་བས་གཉའ་གོང་མཁར་རམ་ཡེ་གོང་མཁར་དུ་གདན་དྲངས་ནས་བཀའ་གཙིགས་བཅོས་ཤིང་། རྐ་ཆུའི་(河州)མི་རྣམས་ཀྱིས་རྒྱལ་སྲས་ཞེས་བོས། བཙན་པོའི་གདུང་རྒྱུད་ཀྱི་རྒྱལ་སྲས་ཤིག་ཕྱོགས་འདིར་ཡོད་པ་ཀུན་ཀྱིས་ཐོས་པས། ཙོང་ཁའི་བླ་དཔོན་བློ་བཙུན་དང་མགོ་བ་རིན་པོ་ཆེ་གཉིས་ཀྱིས་དམག་དྲངས་ཏེ་རྒྱལ་སྲས་འཕྲོག་ནས་རིམ་གྱིས་ཙོང་ཁའི་ཕྱོགས་སུ་སྲིད་བཟུང་ཞིང་བློ་བཙུན་ནམ་ལི་ལིས་ཙུན་(李立遵)བློན་པོ་བྱས། ཧམ་སེམས་ཆེ་བའི་བློ་བཙུན་དང་ཡ་རུ་རྗེའམ་བློན་པོ་བུན་པོ་(དཔོན་པོ་བྱ་བའི་དོན་ཡིན་པར་ཡང་བཤད།)གོ་གཉིས་སྔ་ཕྱིར་ཚར་བཅད་དེ་རྒྱལ་སྲས་རང་ཉིད་ཀྱིས་ཤིང་ཁྱི་(སྤྱི་ལོ༡༠༣༤)ལོར། གྱི་ཐང་(青唐)ལ་གནས་སྤར་ཏེ་ཙོང་ཁའི་རྒྱལ་ཁབ་དངོས་སུ་བཙུགས། ཁོང་གི་བཙུན་མོ་དང་སྲས་དོན་ཆེན་(༡༠༣༢-)གཉིས་རེ་ཞིག་བསང་གཞུང་གི་མཁར་དུ་བསྡད་ཅིང་། འདིར་དམག་དཔོན་ཞང་ལྷ་བཟང་ཀླུ་དཔལ་བསྡད།

ཤིང་སྦྲུལ་(སྤྱི་ལོ༡༠༦༥)ལོའི་དགུན་དུས་སུ་ཙོང་ཁའི་རྒྱལ་བོ་འདས།

ཆུ་བྱི་དང་ཆུ་གླང་(སྤྱི་ལོ༡༠༧༢-༡༠༧༣)ལོར་རྒྱལ་སྲས་ཀྱི་ཚ་བོ་སྨིན་དྲུག་ཉ་བཟང་རྒྱལ་བོས་འདི་ཕྱོགས་སུ་དབང་བསྒྱུར་སྐབས།  སུང་དམག་གིས་ཙོང་ཁའི་མངའ་ཁོངས་ཤིང་ཀུན། རྐ་ཆུ། བ་ཙེ།(སྦྲ་ཚལ།)ཅོ་ནེ་སོགས་བླངས་མོད།ཤིང་སྟག་(སྤྱི་ལོ༡༠༧༤)ལོར་རྒྱལ་སྲས་ཀྱི་བུ་གསུམ་པ་སྤྱན་སྔ་དོན་ཆེན་གྱིས་དམག་དཔོན་ཀོས་ཀྲང་དཔུང་ཁྲི་ཕྲག་དང་བཅས་པ་རྐ་ཆུར་རྒོལ་དུ་བཏང་བ་བཞིན་སུང་གི་དམག་དཔོན་ཅིན་ཨན་ལི་བྱ་བ་བསད་དེ་སུང་དམག་ཕམ་པར་བཏང་།ལྕགས་བྱ་(སྤྱི་ལོ༡༠༨༡)ལོར་མི་ཉག་ལ་རྒོལ་རྡུང་བྱས་པས་སུང་དགའ་ནས་ཐོབ་དང་རྒྱུ་ནོར་བྱིན།

མེ་ཡོས་(སྤྱི་ལོ༡༠༨༧)ལོར་དོན་ཆེན་འདས། དོན་ཆེན་འདས་རྗེས་བུ་དོད་ཨ་རིག་མགོན་གྱིས་དོན་ཆེན་གྱི་བུ་དམག་དཔོན་ཚེ་རིང་བཙན་པོ་བསད་ནས་ཨ་རིག་མགོན་གྱིས་ཙོང་ཁའི་སྲིད་དབང་བཟུང་སྐབས། སུང་གིས་ཙོང་ཁའི་ཐོག་ཏུ་དམག་གྲ་སྒྲིག་བྱེད་པ་གོ་བས། ཨ་རིག་མགོན་གྱིས་གཉའ་གོང་མཁར་དུ་དམག་བསྡུས་ཏེ་སྒུག་མོད། རེ་ཞིག་དམག་འཁྲུག་དངོས་སུ་མ་བྱུང་།

མེ་བྱི་(སྤྱི་ལོ༡༠༩༦)ལོར་ཨ་རིག་མགོན་འདས། ཙོང་ཁའི་སྲིད་དབང་ཨ་རིག་མགོན་གྱི་བུ་བཤད་སྒྲུབ་ཀྱིས་འཛིན་སྐབས། ལྷ་བཟང་ཀླུ་དཔལ་གྱི་བུ་ཚ་སྤེན་ཟང་བོ་རྗེ་སོགས་ཀྱིས་སུང་རྒྱལ་རབས་ལ་མགོ་བཏགས་ཏེ་གཉའ་གོང་མཁར་སུང་ལ་ཕུལ། ལོང་བཙན་གྱིས་ཙོང་ཁའི་སྲིད་བཟུང་སྐབས་ཀྱང་སུང་ལ་མགོ་བཏགས་ཤིང་སུང་གིས་ཀྲིག་དང་ཞན་སོགས་རྒྱའི་ལམ་ལུགས་ལག་ཏུ་བསྟར་ཞིང་མི་རིགས་ཁྱད་གསོད་དང་སྔོན་གྱི་ལམ་ལུགས་ལ་བརྩི་འཇོག་མ་བྱས་པས། ལུང་བཙན་ཆུང་བའམ་ཤེས་རབ་བློ་གྲོས་ཙོང་ཁའི་སྲིད་ཁྲིར་འཁོད་པ་དང་བསྟུན། ཕྱོགས་ཡོངས་ནས་ཕྱོགས་འདིའི་གཉུག་མར་གནས་པའི་སྤྱང་ངམ་བོད་མི་དག་གིས་སུང་ལ་ཕར་རྒོལ་བྱས་ཤིང་། རྐ་ཆུ་(临夏)ནས་ཕུའུ་ཀྲི་(朴知)བྱ་བའི་དམག་དཔོན་གྱིས་དམག་མང་བོའི་སྣེ་དྲངས་ཏེ་གཉའ་གོང་མཁར་དུ་དཔུང་རོགས་ལ་སླེབས་སྐབས། སྤྱང་དམག་གམ་བོད་དམག་གིས་ལམ་དོག་སར་(དེང་གི་གླ་ནག་ཁོག་ཡིན་ནམ།)སྒུག་ནས་བསྡད་དེ་སུང་དམག་སླེབས་པ་དང་མཉམ་དུ་ཕར་རྒོལ་བྱས་ཤིང་ལུང་ཁོག་གི་ལམ་དོག་པས། སུང་དམག་གིས་མགོ་རྔ་ཕན་ཚུན་གྱི་གནས་ཚུལ་མ་མཐོང་བར་བརྟེན། དམག་དཔོན་ཕུའུ་བསད་དེ་རོ་རྟ་ལ་བཏགས་ཏེ་མར་བསྐུར་པས། སུང་དམག་རྗེས་མ་རྣམས་འཐབ་པའི་སེམས་མེད་པར་ངུ་ཞིང་ཕྱིར་ལོག སྤྱང་དམག་གམ་བོད་དམག་གིས་མཁར་གཡུང་དྲུང་གི་ཕྱི་ནས་ཉིན་བཞི་བཅུ་ལྷག་ལ་བསྐོར་པས། ནང་གི་སུང་དམག་གི་བྲོ་ཆས་ཟད་ནས་དམག་རྟ་བསད་དེ་བཀྲེས་སྐོམ་སེལ་ཐབས་བྱས། དེས་རྐྱེན་བྱས་ཏེ་རེ་ཞིག་རྒྱ་དམག་བོད་ནས་ཕྱིར་འཐེན་བྱས་ནས་བོད་ས་བོད་ལ་དབང་ཐུབ་པ་བྱུང་། འོན་ཀྱང་དར་བའི་མཐའ་མ་རྒུད་པས་སྡུད་པ་འཇིག་རྟེན་གྱི་གཡོལ་དུ་མེད་པའི་ཆོས་ཉིད་ཡིན་པའི་ཕྱིར་ན། ཤིང་སྤྲེལ་(སྤྱི་ལོ༡༡༠༤)ལོར་སུང་གིས་སླར་ཡང་དམག་དྲངས་ཏེ་ཙོང་ཁའི་སྲིད་དབང་གཏོར་ཏེ་མཁར་གཡུང་དྲུང་སོགས་བཟུང་། འདི་གའི་ངག་རྒྱུན་དུ་མི་ཉག་གིས་མཁར་འདི་བཟུང་བར་བཤད་པ་ལའང་རྒྱུ་མཚན་ཆེ་ཙམ་ཡོད་དེ། མཁར་འདིའི་ས་འོག་ནས་རྙེད་པའི་གནའ་རྫས་རྣམ་བཅུ་དབང་ལྡན་དེ་ནི། རབ་བྱུང་དང་བོའི་མེ་ཡོས་(སྤྱི་ལོ༡༠༢༧)ལོར་གཞི་ནས་བོད་དུ་བསྒྱུར་པའི་དུས་འཁོར་གྱི་ཕྱི་ནང་གཞན་གསུམ་གྱི་གནད་ཚང་བའི་སྔགས་ཡིག་ཅིག་ཡིན་ལ། ཙོང་ཁའི་རྒྱལ་བོ་འདིར་སླེབས་སྐབས། དུས་འཁོར་བོད་དུ་བསྒྱུར་མེད་པ་དང་། རྒྱའི་སུང་ཐང་ཧན་གང་ཡིན་ཀྱང་དུས་འཁོར་གྱི་ཆོས་དང་རྒྱང་ཐག་དཔག་ཚད་མང་བོས་ཆོད་ཡོད་པས། མི་ཉག་གི་རྒྱལ་རབས་ཀྱི་རིང་ལ་བལ་བོ་ཕམ་མཐིང་བ་མི་ཉག་གི་ཡུལ་དུ་ཆོས་གསུང་བར་ཕེབས་པ་བུ་སྟོན་གྱི་བདེ་མཆོག་སྤྱི་རྣམ་སོགས་བོད་ཀྱི་ལོ་རྒྱུས་སུ་འབྱུང་བ་ལྟར་དང་། མི་ཉག་འདི་བོད་རིགས་ཡིན་པ་བདག་གིས་གཞན་དུ་བཤད་ཟིན་ཅིང་། མི་ཉག་སེང་གེ་དར་གྱི་སྲས་རྡོ་རྗེ་དཔལ། ས་སྐྱ་གྲགས་རྒྱན་པའི་ཞབས་ལ་ཐུག   དེའི་སྲས་འབུམ་སྡེ་ས་ཆེན་ཀུན་དགའ་རྒྱལ་མཚན་གྱི་སྦྱིན་བདག་དང་། དེའི་སྲས་ཡོན་བཙུན་ལ། སི་ཏུའི་ལས་ཀ་བྱུང་ནས། ངམ་རིང་བཏབ། དེའི་སྲས་ནམ་མཁའ་བསྟན་པ། ལྷོ་བྲག་གྲུབ་ཆེན་དང་མཇལ། དེའི་སྲས་རིན་ཆེན་རྒྱལ་མཚན། དེའི་སྲས་རྣམ་རྒྱལ་གྲགས་བཟང་། འདིས་རྗེ་དགེ་འདུན་གྲུབ་དང་། མཁས་གྲུབ་རྗེར་དྲི་བ་མང་བོ་མཛད། དབུས་ཀྱི་བྱང་བའི་རྒྱུད་འདི་མི་ཉག་རྒྱལ་རྒོད་ཀྱི་རྒྱུད་པ་ཡིན་པར་དབལ་མང་ཚང་གི་རྒྱ་བོད་ཧོར་སོག་གི་ལོ་རྒྱུས་ཉུང་ངུར་བརྗོད་པ་བྱིས་པ་འཇུག་པའི་འབབ་སྟེགས་སུ་འབྱུང་བ་འཕྲོས་དོན་ནོ། མུ་འགོད།




 
སྤེལ་མཁན། ཚེ་རིང་དོན་གྲུབ།   རྩོམ་འགན། ཚེ་མགོན།

ངེད་ཚོའི་སྐོར། | འབྲེལ་ཞུ། | གསལ་ཞུ། | མཛའ་འབྲེལ། | མཉེན་ཆས་ཡར་སྤྲོད།

CopyRight © 2011-2025 BODYIG.NET 【མཉེན་ཆས་གླིང་།】

ཆེད་ཞུ། འདི་གའི་མཉེན་ཆས་སོགས་ཀྱི་རྒྱུ་ཆ་ཚང་མ་སྤྱོད་པར་ཕྱོགས་གང་གི་ཁེ་དབང་ལ་གནོད་སྐྱོན་ཐེབས་ཀིན་ཡོད་ཚེ། ངེད་ཅག་གིས་རེ་ཞུ་ལྟར་མྱུར་མོར་བརྩད་གཅོད་སྒོས་ཐག་གིས་གཅོད་ཆོག